བསེ་མགོན་པོ་རྒྱལ་གྱི་རྒྱུགས་རའི་ཟུར་ཞིག་ཅེས་པའི་སྙན་རྩོམ།

རྩོམ་པ་པོ།:བསེ་མགོན་པོ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-17 08:29:00 ཀློག་གྲངས།:

རྒྱུགས་རའི་ཟུར་ཞིག
      བསེ་མགོན་པོ་རྒྱལ།

མི་ལོ་བཅུ་གཉིས་ལ་བརྩོན་པའི་རེ་སྒུག་གི་ལོ་ཟླ
དབུགས་དབྱུང་ཐེངས་གཅིག་གི་སྐར་ཆའི་བར་ནས
རིན་ཐང་གི་སྡོམ་རྩིས་རྒྱག་རན་སོང
ཁྱོད་ཀྱིས་བཙལ་ཡང་བོར་སོང་བ་ག་ཚོད
ཁྱོད་ཀྱིས་རྙེད་ཀྱང་ཤོར་སོང་བ་ག་ཚོད
ཐོབ་ཤོར་གྱི་ཕྲེང་བར་བསྟར་བའི་དུས་ཚོད
བདེན་རྫུན་གྱི་རྒྱ་མར་འདེགས་པའི་བསླབ་འབྲས
དེ་རིང་ཡོད་ཚད་ཅིག་ལ་ཁྲ་མ་རྒྱག་རན་དུས
གཏམ་དང་ཀུ་རེ་ལ་གཡེང་བའི་ཁྱོད་ཚོ
འགྱིང་ཉམས་དང་ང་རྒྱལ་གྱིས་གཏམས་པའི་ཁྱོད་ཚོ
བདེན་ལུགས་དང་འདྲ་མཉམ་ལ་ཞེན་པའི་ཁྱོད་ཚོ
མགོ་བོ་དགྱེས་ནས་འབྲི་བའི་ཡིད་ཆེས་ཤིག་ཡོད་རོགས་གནོང
ནམ་རྒྱུན་དགེ་རྒན་གྱིས་ཁྱོད་ཚོ་འཚོས་པ་ཡིན་ཡང
དེ་རིང་ཁྱོད་ཚོས་དགེ་རྒན་གྱི་འགྲོ་འོང་ལ་མི་ལྟ་བར་མཁྱེན
བདག་གིས་ནམ་རྒྱུན་ཁྱོད་ཚོར་ཞུ་རྒྱུར
མི་ཚེ་ནི་ཤོག་དཀར་ལེབ་མོ་ཞིག་འདྲ་བས
ཁྱོད་ཚོས་ཤོག་དཀར་གྱི་ངོས་གཙང་ལ
རྟོགས་བརྗོད་ཀྱི་རི་མོ་གྲལ་དག་རེ་འབྲི་བར་སྐུལ་ཡང
ཁྱོད་ཚོས་མི་ཚེ་དག་གཙང་གི་བླ་བྲེས་ལ
ནག་ནོག་གི་གྲིབ་གཟུགས་དགོ་བར་འཚེར་སྣང་ཅི་ཡང་མེད
དེ་རིང་ཁྱོད་ཚོས་ངོས་གཙང་དྲིས་ལན་བྱང་བུ་འདི
ཡང་དག་གི་དྲིན་ལན་གྱིས་སྦག་རོགས་མཛོད
མགོ་བོ་བྱིལ་བྱིལ་དང་ལག་པ་འཕུར་མཉེད
མིག་ཟུང་རབ་རིབ་ཏུ་ལྟ་བ་ནི་ཁྱོད་ཚོས་རང་གཤིས་མ་རེད
བདག་གིས་འཚོལ་བ་ནི་ལྕགས་སྙུག་གི་ཐག་སྒྲ་དང
འཛུམ་མུལ་གྱི་སྤྲོ་གདོང་ལས་གཞན་ཅི་ཞིག་ཡོད
ཁྱོད་ཚོས་ནམ་ཡང་དགེ་རྒན་ལ་ཅི་ཞིག་མཁོ་བ་དང
རང་ཉིད་ལ་དགེ་མཚན་ཅི་ཞིག་འཛོམས་པར
བསམ་གཞིག་གཏན་ནས་བཏང་མ་མྱོང་བ་འདྲ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།