ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > བསེ་མགོན་པོ་རྒྱལ་གྱིས་སྦྱར་བའི་ཅང་ཤེས་ཉོ་ཚོངཞེས་པའི་གར་ཆུང་།
བསེ་མགོན་པོ་རྒྱལ་གྱིས་སྦྱར་བའི་ཅང་ཤེས་ཉོ་ཚོངཞེས་པའི་གར་ཆུང་།
རྩོམ་པ་པོ།:བསེ་མགོན་པོ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-08 09:42:00
ཀློག་གྲངས།:
ཅང་ཤེས་ཉོ་ཚོང་། གར་ཆུང་།
འཁྲབ་གཞུང་རྩོམ་པ་པོ། བསེ་མགོན་པོ་རྒྱལ།
མི་སྣ།རྟ་བདག ལོ་རྒྱལ།
རྟ་བདག་གི་ཆུང་མ། གཡང་ཁོ།
རྟ་ཉོ། འབྱོར་བ།
ས་གནས། རྐ་གཞོངས་སྡེ་རིང་ལུང་བ།
དུས་ཚོད། དབྱར་ཟླ་ལྔ་བའི་ཚེས་བཅོ་ལྔ།
སྐྱ་རེངས་ལྷ་མོ་མུན་པའི་ཐུལ་འོག་ནས་ཆས་ཏེ་ཉིན་བྱེད་དགའ་ལོའི་ལོག་ཕེབས་ལ་རྒྱང་ལྟ་བྱེད་དུས། རྟ་ཉོ་འབྱོར་བའི་རྨི་ལམ་ཡག་པོའི་རྟེན་འབྲེལ་འགྲིག་ཅིང་ལྷ་བསང་གཏོང་བའི་ལས་ལ་བྲེལ།
གཡང་ཁོ། ཨ་ལ་་་ ་་་ དེ་རིང་སྐྱ་ཀ་འདི་གཉིས་སྦྲ་ནག་གི་ཆོན་ཐག་སྣེ་ནས་མི་འཕུར་བ་ཅི་རེད།
ལོ་རྒྱལ། ཨོ་་་ ་་་རེད་་འགྲུལ་བ་ཞིག་ཡོང་ན་ཐང་།
འབྱོར་བ། (ར་སྒོ་ནས་བུད་དེ) ཀི་་་ ་་་ཨ་རོག་ཚང་། ཁྱིམ་ན་སུ་ཨེ་ཡོད།
གཡང་ཁོ། (སྦྲ་འདབས་བརྫེས་ནས) ཨོ་་་ ་་་ཡོད་གི ༼ཟེར་བཞིན་སྒོ་ཕྱིར་བུད་ཅིང་འགྲུལ་བ་ཁྱིམ་ལ་བསུས༽
ལོ་རྒྱལ། རྒན་མོ། འགྲུལ་བ་ཇ་བླུགས། ཡ་ཡ་་་ཇ་འཐུང་ཇ་འཐུང་། ཁྱོད་གང་གི་ཡིན། ཡོང་དོན་རང་བཞིན་ཡིན་ན།
འབྱོར་བ། རང་བཞིན་རང་བཞིན་ཞིག་མིན། ང་རྨ་སྟོད་གི་ཡིན། རྟ་ཞིག་ཉོ་བསམ་ནས་ཡོང་བ་ཡིན།
ལོ་རྒྱལ། (གང་ཟ་ཧམ་རྔུབ་བྱེད་བཞིན) གཡང་ལ་གཡང་སྐྱིད། སྐྱུར་ན་ཞི་ལི་ཕངས་འགྲོ། བཙོང་ན་ཁྱིམ་ལ་གནོད་འགྲོ།
འབྱོར་བ། (ཟུར་འདུག་ཞིག་བྱས་ཏེ) ཨ་ཁུ། ཁྱོད་རྟ་ཞིག་ཙོང་རྒྱུ་ཡོད་ནས། རྟ་བཟང་ན་རིན་གོང་ལ་མི་ཁེགས།
ལོ་རྒྱལ། ཡིན་ཡིན། ཞི་ལི་ད་ལོ་སློབ་ཆེན་ན་རྒྱུགས་འཕྲོད་ཡོད། ད་གཡང་ལ་མིན་ན་གོང་ལ་འགྲོ་ནི་ཞིག་མེད་གི
འབྱོར་བ། བྱང་ལམ་གཅོད་གི་རྟ།། རྒྱལ་ཁམས་འགྲིམས་པའི་བུ།། ལོས་ཡིན་་་ ་་་ད་སྐབས་བུ་ལ་རིག་གནས་འབྱོར་རྒྱུ་ནི་གང་ལས་ཀྱང་གལ་ཆེན་རེད། ཨོ་རེད་ཡ་་་ཁྱོད་ཚང་གི་རྟ་རྒྱུད་ཅིག་ཤོད་དང་།
ལོ་རྒྱལ། (ལག་པའི་མཛུབ་མོ་གེར་ལ་འཕྱར་ནས) འདི་སྡེ་རིང་རྐ་གཞོངས་ལུང་བ་ན།། ལྷ་རྟ་རྐྱང་ལི་མིན་ན་ཆགས་འཇོག་མེད།། རྟ་མཆོག་མགྱོགས་པ་སྐྱི་སེར་རླུང་ཡིན་།། འདིའི་མགོ་རྔ་གནམ་གྱི་འབྲུག་ཆུང་ཡིན།།
གཡང་ཁོ། ཨ་ལ་་་ ་་་ངེད་ཚང་གི་ཁ་གསོ་རྟེན་རྟ་རྒན་འདི་ཡིན་ནི་རེད། འདི་ཙོང་ནས་ངེད་མ་བུ་ཚང་མ་སྤྲང་དགོས་སམ།
ལོ་རྒྱལ། (གདོང་གི་གཉེར་མ་བསྡུས་ཏེ) ཨ་མགོ་གཟེངས་མ། ཁྱོད་ཀྱིས་ཤེས་ནས། ཁྱོད་ཤེས་ནོ་བཤད་མི་དགོས་བུ་མོའི་ཐོག་ལ་བཤམས་ཡོད་གོ ཡུལ་ལ་ཡོང་ཐེངས་རེ་མིག་ཆུ་འདོན་ཐེངས་རེ།
གཡང་ཁོ། མ་བུ་མོ་འགྲོ་ས་གནས་ཡུལ་རེད། གནས་མི་འགྲོ་ཁྱིམ་ནས་གོ་རྒས་བྱས་ན་བཟང་ངམ།
ལོ་རྒྱལ། བཟང་གི བཟང་གི རིག་ལོ་ཚང་གི་བུ་མོ་འུ་ཚང་གི་གཉིས་སློབ་གྲོགས་རེད། སྡེ་ཚང་གི་བུ་མོ་ཞང་གི་ལས་བྱེད་པ་རེད།
གཡང་ཁོ། དེས་ན་ཁྱོད་ཀྱིས་ཀྱང་རྟ་རྒན་གི་ཚོང་ཆག་དེ་འདྲ་མང་བོ་བྱས་མེད་ན། འུ་ཚང་ཚད་འདི་ལ་ལྷུང་ནི་མ་རེད།
འབྱོར་བ། ཨ་ནེས་བཤད་སྲོལ་ལྟར་ན་ཨ་ཁུ་ཚོང་བ་ཆེན་པོ་ཞིག་རེད་ལ།
གཡང་ཁོ། ཚོང་བ་ཅི་ཡིན་རྒྱུ། ངེད་མ་བུ་ཚོའི་ལན་ཆག་རེད། སྔོན་ཆད་སྒོར་མོ་ཁྲི་འགའི་རྟ་ཞིག་ཉོས་ནོ་རྐུ་ལ་ཤོར་སོང་། བཞེས་ནིང་སྒོར་མོ་ཁྲི་བཅུས་རྟ་ཞིག་ཉོས་པ་རྩྭ་དུག་ནས་ཤི་ཐལ། ན་ནིང་རྟ་འདི་ལ་ནོར་ཉི་ཤུ་ལྷག་ཕྱིན་ནས་ཉོས་ནི་རེད། ད་ལོ་རྐ་གཞོངས་ཁྲི་རྒྱུགས་ཁྲོད་སྒོར་ཁྲི་བཅུ་དཔའ་དར་ལ་ལོན་ནི་རེད། རྟ་འདི་ཙོང་ཉན་ནི་མ་རེད།
ལོ་རྒྱལ། ཁ་ཉོག་མ། ཁྱོད་ཀྱིས་ཅང་ཤེས་ནི་མ་རེད། ངས་བུ་མོའི་སྐྱོ་གར་དེ་བུའི་སྟེང་ནས་ཡང་བསྐྱར་འཁྲབ་ནི་མ་རེད།
འབྱོར་བ། ཨ་ཁུ། འུ་གཉིས་ཀྱིས་ཁྱོད་ཚང་གི་རྟ་ཞིག་ལྟོས་ན་ཅི་འདྲ་རེད་ཟེར།
ལོ་རྒྱལ། ཡ་བུ་ལོ། འགྲོ (ཁོ་གཉིས་མཉམ་དུ་རྟ་ར་ནང་དུ་སོང་ནས་རྟ་རྒན་ལ་ཞིབ་ལྟ་ཞིག་བྱས་རྗེས།ཁོ་གཉིས་ཕྱིར་སྦྲ་ནང་དུ་ལོག) ཡ་ངའི་འདོ་རིག་རྟ་བོའི་རྟ་རྒྱུས་ཅིག་བཤད་ན། སེམས་ཅན་བདུན་གྱི་མགོ་རྣ་ཡོད།། ཤ་ཡི་འཇུར་བུ་བཅོ་བརྒྱད་ཡོད།། རུས་པའི་དཔའ་བོ་ཉི་ཤུ་དང་།། གབ་མཚན་སུམ་ཅུ་སོ་གཉིས་དང་།། འདོ་ཆེན་རྟ་ཕོའི་གསང་ཆེན་རྣམས།། ཅང་ཤེས་ལུས་ལ་ཚང་ནས་ཡོད།།
འབྱོར་བ། ཨ་ཁུ། ཁྱོད་རྟ་འདི་གང་ནས་ཉོས་ནི་ཡིན། ཙོང་ནོ་ཁྱོད་ངོ་ཤེས་རྒྱུ་རེད་ལ།
ལོ་རྒྱལ། ཙོང་མཁན་རྨ་སྟོད་ནས་ཡིན་ཟེར། ངས་ངོ་མི་ཤེས། ན་ནིང་ངེད་ཚང་གི་སྒོ་ཁ་ཐོན་ནས་ཉོས་ནི་ཡིན།
འབྱོར་བ། ཨ་ཁུ། རྟ་འདི་ངའི་རེད། རྟ་བོར་ནས་ལོ་གཅིག་ཏག་ཏག་འགོར་སོང་།
ལོ་རྒྱལ། ཟོག་རིག་འདྲ་རིག་ན་འཁོན་བྱེད།། མི་རིག་འདྲ་རིག་ན་དགོད་བྱེད། གསར་བུ། ཁྱོད་ཀྱིས་ཀུ་རེ་མ་བྱེད།
འབྱོར་བ། ཨ་ཁུ། དོན་འདི་འདྲ་ཞིག་ལ་ངས་ཀུ་རེ་བྱེད་ཕོད་དམ། ངོ་མ་ངའི་རྟ་རེད།
ལོ་རྒྱལ། གསར་བུ། རྩམ་པ་བལྡད་ལ་མིད། སྐད་ཆ་སོམས་མ་ཤོད། རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེ་ཡིན། རྫུན་ཨ་བྲ་གཉིས་ཀའི་རྔ་མ་ཐུང་།། བདེན་ལུང་ང་གཉིས་ཀའི་ཕུ་ཐག་རིང་།
འབྱོར་བ། ཨ་རོ། རྒན་པོ། ངས་གནམ་མཁའི་བྱ་ཡི་ཕོ་མོ་མི་ཤེས་རུང་། སྐྱིད་ཀྱི་རྟ་ཕོའི་སྤུ་མདོག་མི་ཤེས་ནས།
ལོ་རྒྱལ། ཡ་གསར་བུ། བཀའ་ལོག་ཚིག་གི་མི་ཐུབ། ཞ་ཉེ་འབུག་གི་ཀོ་མི་ཕུག ང་སྐྱེས་པའི་རིང་ལ་རྐུས་མ་བྱས་ནི་ཞིག་ལ། རྒས་ཀྱི་རིང་ལ་རྐུ་མིང་འདོགས་རྒྱུ་རེད་ལ། འུ་གཉིས་སྟོད་རྒྱ་གར་ཆོས་སྒོ་དང་སྨད་རྒྱ་ནག་ཁྲིམས་སྒོ། གང་ལ་འགྲོ་ན་གང་ལ་འགྲོ ཁྱོད་ཨ་གསལ་ནས་ཨོཾ་དག་ནི་བཤད་རྒྱུ་ཡོད་དགོས།
འབྱོར་བ། རྟ་མ་ཡིན་ལ་ཡན་རི་དྭགས་རིགས།། ནོར་མི་དགོས་སྤུ་མདོག་མཚན་མས་ཤེས།། རྟ་རྐྱང་དཀར་མ་ཡིན་རྐྱང་དམར་ཡིན།། པདྨ་ར་གའི་སྤུ་མདོག་ཡོད།། རྣ་རྩེ་རྒོད་ཀྱི་ཐལ་ཕྲན་ཡོད།། རྨིག་བཞི་རླུང་གི་འཁོར་ལོ་ཡོད།། མགོ་སྟོད་གྲུ་བཞི་དིལ་ཡག་ལ།། མགོ་སྨད་ལོགས་ནས་བཏགས་འདྲ་ཡོད།། མགུལ་པ་ཨན་ཡག་དྲིལ་ཆུང་ལ།། ཨོལ་ཤ་ལོགས་ནས་བཏགས་འདྲ་ཡོད།། ལྟོ་བ་ཆུ་སྐྱེས་བུམ་པ་ལ།། སུག་བཞི་ལོགས་ནས་བཏགས་འདྲ་ཡོད།། ནོར་མི་དགོས་མིག་ལ་བཤམས་ནས་ཡོད།།
ལོ་རྒྱལ། གཡང་ཁོ། འབྱོར་བ། ཚང་མ་འཛོམས་ནས་སྤུ་མདོག་མཚན་མ་ངོ་འཕྲོད་དུས། གཡང་ཁོ་གཏམ་དེ་ཐོས་མ་ཐག་དབང་བོ་ཤོར་ནས་ས་ལ་འགྱེད།
ལོ་རྒྱལ་ལ།( མངོན་འགྱུར་རྟགས་ཀྱི་མཚན་མ་ངོ་སྤྲད་ཀྱང་།། རྔམ་ནག་བཞིན་གྱི་གཉེར་མ་མི་དྭངས་པ།། མདོར་ན་འདོད་ཆགས་ཅན་གྱི་སྐྱེ་བོ་དེའི།། དགའ་བའི་དངོས་པོ་གཞན་གྱིས་རྒུད་པ་ཉིད།། )
ཕྱིའི་རྣམ་པའི་ཐོག་ནས་གཡང་ཁོ་སྐྱོར་ཁུལ་བྱས་ཡང་། སེམས་པ་ཕྱོགས་མེད་དུ་འཁྱམ་སོང་།
(དེ་མ་ཐག་ཁོ་ཚོ་རྒྱུགས་སོང་ནས་རྟ་ཡི་མཆན་དང་ལྕེ་ལ་ལྟ་དུས་དངོས་ནས་དེ་འདྲ་ཡིན་པས། ལོ་རྒྱལ་བཟའ་བ་གཉིས་ཅི་བྱ་གཏོལ་མེད་དུ་གྱུར།)
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།