སྟག་རིག་འབྲུག་ཐར་གྱི་ལྷུག་རྩོམ《གངས་ལྷ་མཚོ་མོ》

རྩོམ་པ་པོ།: སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-08 10:16:00 ཀློག་གྲངས།:


          གངས་ལྷ་མཚོ་མོ།
             གསུམ་བརྒྱད་བུད་མེད་དུས་ཆེན་ལ།
                                      སྟག་རིག་འབྲུག་ཐར།(ཁྲི་ཀ)

  ཁྱད་མཚར་ལྟོས་བཟང་གི་ཁུ་བྱུག་སྔོན་མོ།   དབྱར་གཞུང་གི་པང་ལ་བཏབ་པ་དང་བསྡོངས།   བྱམས་ལྡན་ཨ་མའི་མངལ་ལས་མི་ཡུལ་འདིར་ཁད་ཀྱིས་སླེབས་བྱུང༌།  ངའི་གངས་ལྷ་མཚོ་མོ།   ཀྱ་ཙེ་གོམ་ཙེའི་ཁྱར་ཁྱོར་གྱི་གོམ་འགྲོས་རེ་ནས། ལྷད་མེད་འཛུམ་མདངས་ཀྱི་མེ་ཏོག་ཚང་མའི་ཡིད་ལ་སྡུག་པོར་བཞད།   དེ་ནི་ཁྱེད་ཀྱིས་བྱིས་དུས་ལ་བཀོད་པའི་ཡིད་འོང་གི་མཛེས་སྡུག་ཅིག
  ཀ་ཁའི་དབྱངས་རྟ་དང་ལུག་ཆུང་གི་འབའ་སྒྲའི་ཁྲོད་ནས།  མིང་ཚིག་རེ་རེའི་ཕྲེང་རྡོག་སྒྲིག་སྟེ་མཛེས་པའི་འཕྱོར་ལྭ་བྱས་མྱོང་ཞིང༌།   འུར་ཆའི་གཏོང་འཕེན་གྱི་བར་གསེང་རེ་ནས་གར་གྱི་སྟངས་སྟབས་འཁྲབ་མྱོང་པས། གངས་ལྷ་མཚོ་མོའི་བཅུ་དྲུག་ལང་ཚོའི་དྭངས་གཙང་གི་ལྷག་བསམ། རྒན་གྱི་བསྟོད་ར་ན་འཕྱོ་ཞིང༌།  ཕ་མའི་གཅེས་མིང་ན་འཚོ། དེ་ནི་ཁྱེད་ཀྱིས་གཞོན་དུས་ལ་བསྟིམས་པའི་ལེགས་ཚོགས་ཀྱི་འདོད་འདུན་ཉིད།
  སེམས་ངལ་དང་སྡུག་ཡུས་བསྐྱུར་ནས། ཁོག་དཔུང་དང་མི་ཁ་བསྐྱུར་ནས།  ཕ་མའི་ཞལ་ཏ་བཙོ་མའི་གསེར་ལ་བསྐོས། འཇིག་རྟེན་ཆོས་ཉིད་མི་འགྱུར་བྲག་ལ་བཅོལ། རྒྱང་རིང་གནས་ཡུལ་གངས་ལྷ་མཚོ་མོའི་རྟེན་གཞིར་གྱུར། མ་བུ་མོ་འགྲོ་ས་གནས་ཡུལ་ཡིན་པ་བདེན་དུ་ཆུག་ཀྱང༌། ལང་ཚོའི་མཛེས་པ་སྟོན་གྱི་བ་མོས་བཅོམ་པ་ཞེ་རེ་སྨྲེང༌། ཡིད་ཀྱི་རེ་སྨོན་བསིལ་བསིལ་རླུང་བུས་ ཁྱེར་བ་ཁོ་རེ་ཆད།  དེ་ནི་ཁྱེད་ཀྱིས་མི་ཚེའི་དཀྱོགས་མཚམས་ལ་བཞག་པའི་གཞན་དབང་གི་ལས་དབང་རེད།
  ཙག་ཙིག་གི་ལས་ཀའི་སྡོམ་དྲའི་གསེང་ནས།  གངས་ལྷ་མཚོ་མོས་བདེ་སྐྱིད་ཀྱི་འཚོ་བའི་ཆེད་ལ་འཕག་འཚག་ཅི་འདྲ་བརྒྱབ་ཀྱང༌། རང་དབང་གི་བགོ་སྐལ་ཞིག་ཐོབ་པའི་སྐལ་བ་ཉག་རེ་ཕྲ།  བསམ་ཐོག་གི་རི་མོར་སྨྱུ་གུས་ཇི་འདྲའི་བརྡར་ཡང༌།  ཡིད་ཚིམ་པའི་མཛེས་སྡུག་ཅིག་མིག་ལ་བཤམ་རྒྱུ་ཉིན་མོའི་སྐར་མ་ཙམ།   དེ་ནི་ཁྱེད་ཀྱིས་དར་མའི་དུས་ལ་གསང་མཐོར་བསྒྲགས་པའི་མ་བཅོས་སེམས་ཀྱི་ངུད་མོ་ཉིད།
  དཔྲལ་གཉེར་དང་ཟ་འགྲམ་ལ་སིམ་པའི་སྐྲ་དཀར་ཚོགས་ཀྱི་དཔུང་འཇུག་རྒོད་པོས་གངས་ལྷ་མཚོ་མོའི་ཡོད་ཚད་ཀྱི་ཡོད་ཚད་ལ་ཁ་ལོ་བསྒྱུར། ཕྲེང་རྡོག་འདེད་པའི་ཉམས་སྣང༌། གཞུ་རུ་བཏོན་པའི་གཟུགས་རིས། མྱུར་ཚད་དལ་བའི་གོམ་འགྲོས། མཐའ་དག་འགྱོད་གདུང་དང་ཞེན་ཆགས་ཀྱི་ཤུགས་རིང་ཁྲོད་ན།  སྐྱ་ཟད་སྔོ་རྡིབ་ཀྱི་འཚོ་བར་རྫོགས་ཚིག་ཅིག་དགོད་པར་ཅི་འདྲའི་སྨོན་ཨང༌།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།