འབའ་ཚེ་སྨྱོན་གྱི་གསར་རྩོམ་སྙན་ངག་བདམས་བཀོད།
རང་ལ་བྲིས་པ།
ཉི་འོད་འཐུང་མཁན་གྱི་སྤྲིན་པ་ལེབ་མོ།
སེམས་སུ་འཇའ་ཚོན་ལས་བརྒལ་བའི་ས་གཞི་ཞིག་གི་ཆེ་ཆུང་སྒོམ་གྱིན།
རྩ་བ་ཞིག་གི་རྩེ་མོར་དུས་ཚོད་འབུལ་བཞིན་སྐད།
བུམ་པ་ལས་གཉིད་ཀྱིན་པའི་ནམ་མཁའ་སྲབ་པོ།
ཚོར་བ་ཞིག་གིས་ཟ་ཞོར་དང་འཐུང་ཞོར།
རྐང་ལམ་ཞིག་ལས་གཞུང་ལམ་དུ་གོམ་པ་ཤོར་གྱི་འདུག
ཐམས་ཅད་བདེན་སྣང་གིས་བཞད་ཅིང་།
ཡོད་ཚད་ཀུན་རྫོབ་དུ་སྣང་བས།
ཁ་ཕྱོགས་ཤིག་གི་བདེན་རྫུན་ལ།
རང་ཉིད་ཀྱིས་ཁ་ལོ་བྱ་དགོས་ཡོད།
2014ལོའི་ཟླ1པོའི་ཚེས5ཉིན་ལྷོ་རོང་དུ།
ཆང་ཕོར་ཁའི་མེ་ཏོག
འོད་ཐིགས་ཤིག་སར་ལྷུང་སའི་མེ་ཏོག
ཆུ་མོའི་པང་དུ་སྐྱ་རེངས་ཤིག་གི་མྱོས་བུམ་ཟུང་ལ།
ནམ་མཁའ་ཞིག་གི་ཆེ་ཆུང་གླེང་དུས།
གུར་གུམ་ཆུན་པོ་ཞིག་གི་མིག་ཆུ་ཆང་ཕོར་ནང་ལྷུང་གི་འདུག
རྡོ་ལ་རི་མོ་མངའ་བའི་དེ་རིང་།
ཁྲོམ་གཞུང་དུ་ཆར་བ་འབབ་ཀྱི་འདུག་ལ།
ཆང་ཕོར་ཡང་རློན་པར་ཆགས་ཀྱི་འདུག
ཀུ་རིང་ཐེངས་ཤིག ཡི་གེ་བཞིན།
བྱིས་པའི་ངག་ནས་བཟློ་དུས།
ཆང་ཕོར་ཁའི་མེ་ཏོག་ཀྱང་།
ལྷུག་ལྷུག་གིས་དགོད་ཀྱི་འདུག
2014ལོའི་ཟླ1པོའི་ཚེས13ཉིན་ལྷོ་རོང་དུ།
ལོ་སར་གྱི་ངོ་གདོང་།
སྲང་ལམ་དུ་རྒྱུག་གིན་པའི་ངོ་གདོང་ལས།
དྲོད་འཇམ་གྱི་འཛུམ་མདངས་ཤིག་རྦད་ཀྱིས་ལྷུང་དུས།
ངས་ནི་སྤྲིན་པ་ཞིག་གི་འགྱུར་ཚུལ་སྒོམ་གྱིན།
ལོ་སར་ལ་བཀྲ་ཤིས་ཀྱི་སྨོན་འདུན་ཤུགས་ཀྱིས་སྤུར་གྱི་ཡོད།
ལས་དོན་ཞིག་གི་སྣེ་ན་འདུར་གྱིན་པའི་དྲན་པས།
བརྩེ་དུང་གི་ཁ་དོག་ཅིག་ལ་ཚོས་གཞི་ཞུགས་ཀྱིན།
རྩེ་མོ་ཞིག་གི་ས་བོན་ལ་ཡུར་ཆུ་དྲངས།
བདེན་རྫུན་གྱི་མཚམས་སུ་ཉི་ཟེར་ཞིག་གི་དྲོད་ཚད་འཇལ་གྱིན།
གྲགས་ཐོན་པའི་ད་ལྟའི་ཁ་པར་ལའང་རྣ་བ་གཏད་དགོས་ཡོད།
ལོ་སར་གྱི་རྐང་རྗེས་གང་སར་འཕུར་གྱིན་པའི་དེ་རིང་།
ཕྱི་གསལ་ནང་གསལ་གྱི་ཚེ་སྲོག་གསར་པ་ཞིག་གི་ས་བོན།
ས་ཆེན་གྱི་མདུན་དུ་ངུ་མ་དགོད་ཀྱིས་མྱུར་མགྱོགས་ཀྱིས་བཞུར།
ལོ་སར་གྱི་དུས་ཚོད་ཀྱིས་ཀྱང་བྲེལ་མྱུར་གྱིས་གང་སར་རྒྱུགས།
2014ལོའི་ཟླ1པོའི་ཚེས31ཉིན་ལྷོ་རོང་དུ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com