མི་རིགས་ཀྱི་ལ་རྒྱ་དང་ལག་ལེན།

རྩོམ་པ་པོ།:རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-14 09:33:00 ཀློག་གྲངས།:

མི་རིགས་ཀྱི་ལ་རྒྱ་དང་ལག་ལེན།
                     __《མང་ཚོགས་སྒྱུ་རྩལ》ལ་དཔྱད་གཏམ་སྤེལ་བ།

      མི་རིགས་ནི་མི་རིགས་ཏེ་དེའི་གྲུབ་ཆ་གཙོ་བོ་ནི་ཤེས་རིག་ཡིན། སྐད་ཆ་དང་གོམས་སྲོལ་ནི་ཤེས་རིག་གི་རྨང་གཞི་ཡིན་ལ་འདི་བོར་ན་ད་གཟོད་མི་རིགས་བོར་བ་ཡིན། ད་ལྟ་མི་རིགས་འབོར་བཞིན་པའི་ན་གཞོན་གང་མང་ཞིག་ཡོད་པ་ནི་ང་ཚོའི་མི་རབས་འདིའི་གནད་དོན་ཡིན་ལ། ང་ཚོའི་མི་རིགས་འདིའི་གནད་དོན་ཡང་ཡིན།
      《མང་ཚོགས་སྒྱུ་རྩལ》ཏན་ཏན་གནད་དོན་འདིའི་ཁ་གཏད་དུ་ལངས་ཤིང་བོད་ཀྱི་གོམས་སྲོལ་དང་རྩོམ་རིག་གི་མེ་རོ་གསོས་ཏེ་མཆེད་པར་གྱུར། འདི་ནི་རང་དབང་གི་གོམ་འགྲོས་ཡིན་ལ་འདི་ནི་རང་དབང་གི་རེ་སྨོན་ཡིན། དེ་བས《མང་ཚོགས་སྒྱུ་རྩལ》མེད་ན་བོད་ཀྱི་ན་གཞོན་གྱིས་གླུ་མི་ཤེས་ལ་བོད་ཀྱི་བྱིས་པས་ཁེད་མི་ཤེས། བོད་ཀྱི་སྟོན་མོ་རུ་བཤད་པ་མེད་ལ་བོད་མི་རིགས་ཀྱིས་གླུ་གར་གྱི་རྒྱ་མཚོ་ལ་ཡང་རོལ་མི་ཐུབ།
      ཐོས་མི་ཐུབ་ན་མ་ཐོས་ན་ཆོག་མོད། མ་ཐོས་མ་ཤེས་མ་རིག་པ་འདི་གསུམ་གྱིས་ཐོས་ཁུལ། ཤེས་ཁུལ། རིག་ཁུལ་གྱིས་རང་གི་རིན་ཐང་ཤོར་ཞིང་། ཤོར་བ་དེ་མི་རིགས་འདིའི་རིན་ཐང་ཡང་ཡིན། དེ་བས་མི་རིགས་འདིའི་སྐད་ཆ་དྲོན་མོ་ཞིག་ཀྱང་བཤད་མི་ཤེས་པས་དེ་ལྟར་དུ་རླུང་འཚུབ་ཅིག་གཡུགས་བྱུང་། རླུང་འཚུབ་དེ་ནི་སའི་གོ་ལའི་སྐྱེ་དངོས་ཐམས་ཅད་རྩ་མེད་དུ་གཏོང་བ་ལས་ཚབས་ཆེ་ཞིང་ཞི་ཐེ་ལའི་སྨྱོ་ཧམ་ལས་ཀྱང་ཡ་ང་བ་སྟེ་བོད་ཀྱི་ལ་རྒྱ་འཛིན་པའི་ཤེས་ཡོན་ཅན་གྱིས་ཀྱང་རང་གི་བུ་ཕྲུག་བོད་ཡིག་སྦྱོང་དུ་འཇུག་མི་འདོད་པ་དེ་རེད།
      འདི་ལྟ་བུའི་ཁོར་ཡུག་ཏུ《མང་ཚོགས་སྒྱུ་རྩལ》བདེན་པ་ཁོ་ནའི་ཆེད་དུ་འགྲོ་བཞིན་ཡོད་ལ་འདི་ལྟ་བུའི་དུས་རབས་ནང་དུ《མང་ཚོགས་སྒྱུ་རྩལ》མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་གོམས་སྲོལ་དང་སྐད་ཆའི་སླད་དུ་འབད་བཞིན་ཡོད། འདི་ནི་སྤྱིར་ན་བླ་མེད་ཀྱི་མཛད་པ་ཞིག་མིན་པར་རང་ཉིད་མི་རིགས་འདི་ཡིན་པའི་ཆ་ནས་རང་གི་འོས་འགན་བསྒྲུབས་པ་ལས་མ་འདས་མོད། ང་ཚོའི་བོད་ཡིག་མཁོ་བ་མེད་ཅིང་ཕ་སྐད་འབོར་བཞིན་པའི་སྐབས་འདིར་རླབས་ཆེ་བ་ལས་ཀྱང་ཆེས་རླབས་ཆེ་བའི་མཛད་པ་ཞིག་ཡིན་ནོ། །
      ཡིན་ནའང《མང་ཚོགས་སྒྱུ་རྩལ》ཡང་། འཇིག་རྟེན་གྱི་འཚོ་བའི་རྙོག་འཛིང་ནང་དུ་གསོན་པ་ཡིན་པས་ཕྱི་ནང་གི་འགལ་རྐྱེན་དང་དཀའ་ངལ་ཡོད་ལ། དཀའ་ངལ་དེ་ནི་བོད་མི་རིགས་ཀྱི་དཀའ་ངལ་ཞིག་ཀྱང་ཡིན། དེ་བས་དཔར་གྲངས་ཉུང་ལ་ཁྱབ་སྤེལ་གྱི་ཁོར་ཡུག་ཀྱང་ཆུང་། དེ་མ་ཚད་བོད་ཀྱི་སྤྱི་ཚོགས་དང་གོམས་སྲོལ་སོགས་ལ་འབྲེལ་འདྲིས་ཀྱང་མི་འདང་། འོན་ཀྱང་མ་འདང་བ་དེ་མ་འདང་བ་ཡིན་པས་ང་ཚོ་ཚང་མས་ཧུར་བརྩོན་བྱ་དགོས་ལ་ཧུར་བརྩོན་བྱེད་པ་ནི་རང་ལ་ནུས་པ་ཆེན་པོ་ཡོད་དགོས་པ་མ་ཡིན་པར་རང་གི་ནུས་པ་འདོན་མི་འདོན་དེ་ཡིན་ལ་ནུས་པ་འདོན་མི་འདོད་པ་ནི་ཕུགས་བསམ་མེད་ཅིང་ལ་རྒྱའང་མེད་པའི་མི་དེ་རིགས་ཡིན་ནོ། །
      ང་ཚོ་དེ་ལྟ་བུ་ཞིག་ཏུ་མི་འགྱུར་བའི་སླད་དུ《མང་ཚོགས་སྒྱུ་རྩལ》གྱིས་སྔོན་ནས་ཆུ་འཁྱག་འཐུང་ཞིང་རྩམ་སྐྱ་འགམ་བཞིན་འགྲོ་བཞིན་ཡོད་དེ། གནས་ལུགས་དེ་ཤེས་ན་ཕ་སྐད་གཙང་མ་ཞིག་བཤད་ན་དེ་ཡང་མི་རིགས་ཀྱི་བླ་སྲོག་ཡིན་ལ་མི་རིགས་ཀྱི་གོམས་སྲོལ་ཤེས་ན་དེ་ཡང་མི་རིགས་ཀྱི་ཤ་ཞེན་ཡིན། 《མང་ཚོགས་སྒྱུ་རྩལ》གྱིས་འདི་ལྟ་བུའི་ཤ་ཞེན་དང་འདི་ལྟ་བུའི་ལ་རྒྱ་ལས་གྲོགས་མེད་ཁེར་རྐྱང་དུ་འགྲོ་བཞིན་ཡོད་དེ་ང་ཚོ་ཡང་དེ་དང་བསྟུན་ནས་འགྲོ་ཐུབ་པར་སྨོན།
      འདི་ནི《མང་ཚོགས་སྒྱུ་རྩལ》གྱི་རེ་བ་ཡིན་ལ་ང་ཚོ་མི་རིགས་འདིའི་རེ་བའང་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།