རྨི་ལམ་ལྟ་མགུར།

རྩོམ་པ་པོ།:སྐུ་ཕྱོགས་ཨོའུ་རྒྱ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-13 09:07:00 ཀློག་གྲངས།:
ལྷན་སྐྱེས་གསང་བ་སེམས་ཀྱི་རོལ་རྩེད་དུ།།
བསུས་པའི་ངེས་དོན་ཨ་མའི་ཞལ་རས་དེ།།
མ་མཐོང་བུ་ཆུང་ནགས་ཀྱི་དོ་རྭ་ན།།
སྨིག་སྒྱུའི་རི་དྭགས་གཤོར་ལ་ཞེན་པའི་ཚེ།།

རིག་འཛིན་བྱེ་བའི་འཁོར་གྱི་ཚོགས་གྲལ་དུ།།
རྨི་ལམ་འོད་གསལ་ཉམས་ཀྱི་སྤྲོ་བསྡུ་ལས།།
བདེན་དོན་ལྟ་བས་ཕུ་ཐག་གཅོད་པའི་ཚེ།།
མི་དམིགས་སྟོང་བའི་ཡུམ་ཆེན་གཤིས་སུ་མཐོང་།།

མི་ཤིགས་ནཱ་དའི་འོད་ཀྱི་གུར་ཁང་ལས།།
བཞད་པའི་མཚར་སྡུག་རྡོ་རྗེའི་ལང་ཚོ་མ།།
ཡིད་འོང་བདེ་ཆེན་ཉམས་བརྒྱའི་འཇོ་སྒེག་གིས།།
ལུས་ཅན་སྙིང་ལ་དགའ་བའི་རོ་མངར་སྦྱིན།།

རབ་དམར་བྱུ་རུའི་མེ་ཏོག་འཛུམ་པ་ལས།།
ལྷན་སྐྱེས་བདེ་སྟོང་དགྱེས་མགུར་རོལ་པའི་གླུ།།
གསང་གསུམ་ཕོ་ཉའི་ཚོགས་ཀྱི་སྟོན་འཁོར་ན།།
ཨ་ལ་ལ་ཡི་རྡོ་རྗེའི་མགུར་དུ་བཞེངས།།

གསལ་རིག་དགའ་མའི་བཞིན་བཟང་ཟུར་མིག་གཡོ།།
ཆགས་མེད་ཆགས་པའི་པད་མོ་མངར་གྱིས་འཛུམ།།
དྲོད་འཇམ་རེག་པའི་སྤུ་ལོང་འདར་ལྡན་འདིས།།
ཆོས་ཉིད་ཀློང་ལ་དགའ་བཞིས་མངལ་གཅིག་སྦྲུམ།།

བརྗོད་མེད་ཡིད་ལ་བཟླས་པས་སེམས་ཉིད་ཀློང་།།
སྤྲོས་མེད་ནམ་མཁའི་དཀྱིལ་དང་མཚུངས་པ་ལས།།
དྲན་རྟོག་འདུ་འབྲལ་འཆིང་བཟུང་མེད་པའི་ངང་།།
མཉམ་བཞག་ལྟ་བའི་འོད་གསལ་མ་བུ་འདྲེས།།

ཡོད་བཞིན་སྣང་བས་འཁོར་བའི་རྟག་མཐའ་ཆད།།
མེད་བཞིན་སྟོང་བས་ཆད་པའི་ཞི་བ་བཀག །
ཨེ་ལྦཾམཉམ་སྦྱོར་འཁོར་འདས་གཞི་ཀློང་དུ།།
ཨེ་མ་རིག་འཛིན་བྱེ་བའི་བུ་ཆུང་འཁྲུངས།།

ཁྱོད་ནི་སེམས་ཉིད་སྟོང་བའི་རང་རྩལ་དེ།།
གང་སྣང་སྒྱུ་མའི་རོལ་གར་མཐའ་ཡས་ཀྱང་།།
གསང་ཆེན་སྙིང་གི་ཐིག་ལེར་བསྡུས་པ་ན།།
ཀུན་ཀྱང་ལྷན་སྐྱེས་རྒྱལ་ཡུམ་ཚེ་འཛིན་མ།།

སྣང་གྲགས་དྲན་པའི་སྣོད་བཅུད་སྦྱངས་པའི་གཞི།།
ལྷ་སྔགས་ཏིང་འཛིན་ཕྱག་རྒྱ་ལམ་གྱི་ཉམས།།
ཕྱི་ནང་གསང་བའི་མཁའ་སྤྱོད་གྲུབ་པའི་འབྲས།།
དབྱེར་མེད་སྐུ་གསུམ་ཉིད་དུ་ཐེ་ཚོམ་ཅི།།

དེང་འདིར་ཕལ་ཆེར་འདོད་ཡོན་བདུད་ཀྱིས་བསླུས།།
གཞན་དག་མ་ངེས་བྱིང་རྨུགས་སྒོམ་ལ་ཉལ།།
དེ་ལྟར་འདུ་འཛི་སྣོལ་མར་འཁྲིགས་པ་ལས།།
བདེ་ཆེན་ལན་ཅིག་ཐོབ་འདི་བླ་མའི་དྲིན།།

དལ་བའི་རྟེན་འདི་ཤར་བའི་ཉི་མ་སྟེ།།
ཆུ་ལྷའི་ཕང་བར་མ་ནུབ་དེ་སྲིད་དུ།།
དབྱིངས་རིག་དབྱེར་མེད་ལྟ་བའི་རྣལ་འབྱོར་གྱིས།།
དམ་ཚིག་ལྷ་མོ་རྟག་དུ་སྐྱོངས་པར་ཤོག །
      ཅེས་པ་འདི་ནི་ཚེ་མཚམས་རི་ཁྲོད་པ་རྗེ་བླ་མ་ལྕང་སྐྱ་རིན་པོ་ཆེས་གསང་ཆེན་མཁའ་སྤྱོད་སྤྱི་དོན་གྱི་བཤད་ལུང་གནང་བའི་སྐབས་ཤིག་༧སྐུ་ཕྱོགས་ཨོའུ་རྒྱ་སྐྱེ་མིང་བས་རང་གི་སྣང་བ་བན་བུན་དེ་ཚིགས་བཅད་དུ་བྲིས་པའོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།