ཅོ་ནེའི་དགའ་བཀྲ་ཤིས་རྡོ་རྗེའི་སྙན་ངག་ཚན་པ་གསུམ།
སེམས་ཁྲལ་དམར་པོ།
དགའ་བཀྲ་ཤིས་རྡོ་རྗེ། ༼ ཅོ་ནེ ༽
དུངས་སེམས་ཀྱི་རྒྱ་ལ་མདུད་པ་བརྒྱབ་ནས།
ལུས་ཀྱིས་ཐེག་དཀའ་བའི་སྙིང་གཏམ་དག
ཆ་ཤས་ཀྱི་བར་གསེང་རེ་རེ་ན།
རྐང་ལམ་གྱི་ཞབས་རྗེས་རེ་རེ་ན།
སྐབས་སྐབས་སུ་ཁ་ནས་མ་ཐོན་པ་དག
མིག་ཆུའི་ཕྲེང་ཐག་རེ་རེ་ནས་ཐོར་འགྲོ།
ཤོག་བུའི་བྱ་ཆེན་ཅིག་ལ་བཅིབས་ནས།
མི་ཡུལ་དང་ལྷ་ཡུལ་གྱི་བར་མཚམས་ནས།
ཁྱེད་ཕྱོགས་སུ་རྩེ་གཅིག་དམིགས་པས་བཟུང་བ།
སེམས་པ་དང་སེམས་པ་སྦྲེལ་བའི་མདུད་ཤུལ་ན།
སུ་ལའང་མེད་པའི་རྒྱ་སེ་མེ་ཏོག་རྐང་གཅིག་གི
འདབ་མའི་ཟིལ་བ་དང་གེ་སར་གྱི་རང་མདངས་མངོན་འདུག
ཡིན་ཡང་། ནམ་ཟླའི་འགྱུར་བག་གི་གློག་དམར་ལས།
བཏབ་བཏབ་པའི་མེ་ཏོག་གི་ས་བོན་དཀར་པོ།
དྲག་ཆར་དང་ཐོར་རླུང་གི་སོ་ཁ་ན།
ཡོམ་ཡོམ་དང་བརྣབ་སེམས་ཀྱི་ཁུང་སྒོ་ན།
རྡོ་བརྐོས་རི་མོ་གསོན་པོ་ཞིག་སེམས་སུ་སྒོམ་ཡོད།
2013ལོའི་ཟླ6པའི་ཚེས29ཉིན་ལ་རླངས་འཁོར་ནང་ནས་བྲིས།
མིང་མེད་སྙན་ངག
ཆུ་ཐིགས་ཅིག་ཁད་ཀྱིས་ལྷུང་ནས།ཟེགས་མ་རུ་གྱུར་རྗེས།
མིག་ཆུ་ཅིག་ཐོལ་གྱིས་འགྲིལ་ནས།
སྙིང་གཏིང་དུ་ཟིམ་རྗེས།
སྤྲིན་དཀར་དང་ན་ཟུག་འདྲེས་མའི།
འཕག་འཚག་དང་རོ་ལངས་བསྣོལ་མའི།
མེ་ཏོག་གི་འདབ་མའམ་འཇའ་ཚོན་གྱི་གཟུགས་རིས་ཤིག
མ་འོངས་པའི་མདུན་ལྗོངས་སུ་ཐོར་རུང་།
མི་སེམས་དཀར་པོའི་འོ་མས་བཀྲུས་ཀྱང་།
མིག་ལ་ཐོགས་ཤིང་ཡིད་ལ་སྒོམ་པ་ནི།
སྨྲ་བསམ་བརྗོད་འདས་ཀྱི་ཚེར་མའི་མེ་ཏོག་ཅིག
ཡང་ན། རྩིགས་ལྡེབས་ངོས་སུ་འབྱར་བའི་ཡིག་འབྲུ་རྙིང་བ་དག
2013ལོའི་ཟླ8པའི་ཚེས25ཉིན།
བར་ཐག
གནམ་ནས་ལྷུང་བའི་འོད་སྣང་ཟླུམ་པོ་དེ།
ས་ནས་བཞད་པའི་མེ་ཏོག་དམར་པོ་དེ།
ཉི་མ་མིན། སེམས་པ་མིན།
ང་ལ་མཁོ་བའི་གསེར་གྱི་དུས་ཚོད་དེ་ལྷག་ཏུ་མིན།
གཙང་བོའི་ཕ་རོལ་གྱི་ཞགས་པ་རིང་མོ་དེ།
ལུས་ཀྱི་ཟུངས་ཁྲག་གི་རྩ་ལམ་རེ་རེ་ན།
ཁོག་ལ་བརྫངས། ཕྱི་ལ་འཐེན།
ད་དུང་། ཆུ་ཁོལ་ཚ་དེམ་གང་མེ་ཏོག་གི་ལྡུམ་ར་ལ་གཏོར་གྱིན་འདུག
ཡར་ལ་བསྐུར། མར་ལ་གཡུགས།
ཨ་མས་ཁྱེད་ལ་འབོད་བཞིན་པ་དེ།
ཁྱེད་ཀྱིས་ཨ་མ་ལ་འབོད་པ་དེ།
ཡང་ན། ཁ་སང་གི་གཏམ་རྒྱུད་ཅིག་སེམས་སུ་ཉར་ནས།
དེ་རིང་ས་ལ་བབས་པའི་ཁ་བའི་མེ་ཏོག་ལ།
མཆུ་སྒྲོས་ཀྱི་འདབ་མ་ཤིག་ཤིག་འགུལ།
དེ་ཡང་། ཐོག་མའི་སྒྲོམ་གཞི་དང་མཐའ་མའི་མིག་ཆུ་ཡིན་ནམ།
2013ལོའི་ཟླ11པའི་ཚེས12ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com






青公网安备63252102000006号