ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > མདོ་སྨད་ཀྱི་གདན་ས་ཆེན་པོ་སྐུ་འབུམ་གྱི་གནས་བསྟོད་ཚངས་སྲས་མགྲིན་པའི་སྒྲ་དབྱངས།
མདོ་སྨད་ཀྱི་གདན་ས་ཆེན་པོ་སྐུ་འབུམ་གྱི་གནས་བསྟོད་ཚངས་སྲས་མགྲིན་པའི་སྒྲ་དབྱངས།
རྩོམ་པ་པོ།:དཔའ་ལོ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-12-18 09:14:00
ཀློག་གྲངས།:
མདོ་སྨད་ཀྱི་གདན་ས་ཆེན་པོ་སྐུ་འབུམ་གྱི་གནས་བསྟོད་ཚངས་སྲས་མགྲིན་པའི་སྒྲ་དབྱངས།
དཔའ་ལོ་རྒྱལ།
ཤེས་རབ་འོད་སྣང་ཕྱོགས་བཅུར་འགྱེད་པའི་རྗེ།།
རྒྱལ་བསྟན་གསལ་མཛད་རྗེ་བཙུན་བློ་བཟང་གྲགས།།
རྣམ་གསུམ་བདག་གི་སྒོ་ཀུན་བརླན་པར་མཛོད།།
གང་གི་ལྟོས་ཁྲག་དྭངས་མོའི་བཤུལ་ལམ་དུ།།
རིན་ཆེན་ཙནྡན་དེ་ཡི་སྙིང་བོར་བཞུགས།།
འཇིག་རྟེན་མཛེས་རྒྱན་ཕྲག་ཁྲིག་ཉེར་བསྡུས་པའི།།
ས་ལ་དགེ་བཅུའི་མཚན་མ་རབ་ཏུ་རྒྱས།།
བདེ་གཤེགས་རྒྱ་མཚོའི་རྡུལ་གྱིས་རབ་མཛེས་པ།།
རྒྱལ་བསྟན་པདྨའི་ཟེའུ་འབྲུ་འདི་ན་རྒོད།།
ཀུན་གསལ་མཁའ་ལ་རྒྱུ་བའི་ཉི་ཟླ་ཟུང་།།
རེ་ཞིག་བསྟན་འགྲོའི་སླད་དུ་གནས་འདིར་འཁྱུད།།
གཉིས་འཐུང་དབང་བོ་བཀྲེས་པས་མ་བཟོད་པར།།
ས་ལ་ཉལ་བའི་བརྟུལ་ཞུགས་འཛིན་པ་ཡི།།
དེ་ཡི་ཕང་བར་གྲ་ཚང་རྒྱུ་སྐར་ཚོགས།།
འབུམ་དུ་བཀྲ་བའི་སྟོན་ཀའི་མཚན་མོ་བཞིན།།
རང་གི་བདག་པོར་གུས་པས་བཏུད་པ་ལྟར།།
ཕྱོགས་ཀྱི་མགྲོན་དག་སིམ་པའི་སོ་ཕྲེང་ཡང་།།
རེ་ཞིག་དབང་མེད་སུམ་མེར་རྗེན་པར་ལུས།།
སེམས་དཔའ་སྟོང་གིས་དམིགས་མེད་སྦྱོངས་པའི་ཡུལ།།
ནཱ་གའི་རིན་ཆེན་བདོག་པ་ཅི་མཆིས་ལས།།
བྱས་པའི་ཕོ་བྲང་གསེར་འོད་ལམ་འཚེར་བས།།
ནོར་དབང་སྐྱེངས་པས་ཚངས་པར་གཞུ་གཡར་ནས།།
རང་གི་འབྱོར་བ་ངོམ་ཕྱིར་དེ་ལ་འགྲན།།
བརྩོན་འགྲུས་དེད་དཔོན་གང་གི་ཐུགས་འཕྲུལ་ལས།།
རྒྱ ལ་བ་བྱམས་ཁང་ཟུང་གི་ཁ་འཚུབ་ཅན།།
སྲིད་པར་དབང་བོས་སྤྲུལ་བར་འོལ་མི་དབྱེ།།
སྐུ་འབུམ་ཞེས་བྱའི་མཚན་སྙན་ལྷང་འབར་བ།།
རྒྱ་གར་ཡུལ་ན་ནྰ་ལེན་ཏྲ་བཞིན་དུ།།
ལྷོ་ཕྱོགས་འཛམ་བུའི་གླིང་ལས་གཞན་དུ་མིན།།
འཆད་རྩོད་རྩོམ་པའི་རྩེད་དགའ་མ་ཉམས་པར།།
རྐང་དྲུག་འཕུར་ལྡིང་གར་ལ་མི་ལྷོད་ཅིང་།།
འདར་ལྡན་ཚོགས་ཀྱི་དྲི་བཟང་ཕྱོགས་འཕྲོས་པས།།
སྐྱེ་དགུ་མྱོས་པའི་རོལ་དབྱངས་དྲི་ཟའི་ཆ།།
ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་གཡོ་བ་ལས།།
དྲིལ་ཆུང་སྒྲ་ཡིས་རྣ་བའི་བཅུད་ལེན་པ།།
རྒྱལ་བྱེད་ཚལ་ནི་རི་མོའི་གཟུགས་བྱས་པའི།།
ཚངས་ཆེན་པིར་གྱིས་བྲིས་པའི་གནྔྷོལ།།
དགྲ་བཅོམ་པ་རྣམས་བགྲོས་པའི་ལན་གཅིག་ཏུ།།
སྤྱན་སྟོང་བགྲད་པའི་ངལ་བ་མི་བཟོད་པར།།
མིང་ཙམ་ཟློས་པས་ལྗགས་རྣམས་ཐལ་བར་གྱུར།།
དེ་ཡི་ཁྲོད་ན་ཞྭ་སེར་བསྟན་པའི་བདག །
རྒྱུ་སྐར་འབུམ་གྱིས་བསྐོར་བའི་ཉི་མ་བཞིན།།
ཚུལ་ཁྲིམས་དག་པའི་དགེ་སློང་རྡུལ་གྱི་གྲངས།།
ཐོས་བསམ་སྒོམ་ལ་ལོ་ནི་ཉིན་བྱས་ནས།།
གཞུང་ལུགས་རྒྱ་མཚོའི་མཐའ་ལ་སྤྲོ་བས་བསྙེགས།།
ཆོས་ཀྱི་རྒྱལ་བོ་ཀུན་དགའ་སྙིང་བོ་གང་།།
རིམ་གཉིས་ལྟ་སྤྱོད་གཙང་མའི་ལུགས་ལ་གཞོལ།།
བསགས་སྦྱངས་སྒྲུབ་པའི་དབེན་གནས་ཀུན་འགྲིམ་པར།།
ཟབ་མོ་དབུ་མའི་ལྟ་བ་ཐུགས་སུ་འཁྲུངས།།
རྩོད་པ་སྨྲ་བའི་འབབ་སྟེགས་སྤྲུལ་བ་ཅན།།
ཕྲ་ཞིབ་རིགས་པས་དོན་གྱི་སྨག་རྣམས་བཅོམ།།
ལུང་རྟོགས་རྒྱ་མཚོའི་མཐའ་ལས་ངེས་འདྲོངས་པའི།།
རྟོག་གེའི་དཔུང་ཚོགས་མ་རིག་གཡུལ་ལས་རྒྱལ།།
དུས་མིན་གཡུལ་ལས་རྒྱལ་བའི་ལྷན་ཐབས་སུ།།
བཞི་བརྒྱ་རྩ་བཞིའི་ནད་རྣམས་རྨང་ནས་བཅད།།
གྲངས་མེད་འགྲོ་རྣམས་ཆོས་སྐལ་ཟླ་བའི་བསིལ།།
འབྱུང་ཕྱིར་བདེན་བཞིས་གསོ་བའི་ཚུལ་ལ་ལྟོས།།
གདོད་མའི་བརྟེན་འབྱུང་འཕེལ་འགྲིབ་མཚོན་པའི་རིས།།
དུས་ཀྱིས་མ་ཐེག་སྣུམ་གྱིས་བསྒྲིབ་པ་ཡི།།
ལྕང་ལོ་ལྷ་ཡིས་བཀོད་པའི་རྡོ་རིང་ལས།།
ཆོས་སྲིད་ཉི་ཟླའི་འཆར་ནུབ་ངེས་པར་གསལ།།
མདའ་རུ་ཚོང་ཟོང་བརྡལ་བའི་སྲང་གི་ཁྲོམ།།
མཁོ་དགུ་མ་ཚང་མེད་པའི་ཟིང་ཟིང་བདོག།།
རྣམ་དཀར་ལས་ལ་སྔོན་ནས་འདུན་པའི་མིས།།
དགེ་བའི་ཚོགས་ལ་མཐུན་པའི་རྐྱེན་སྦྱོར་ཞིང་།།
ཟས་དང་འཚོ་འཚིས་ཇི་སྙེད་ཉེར་བསྟབས་པས།།
སེམས་ཅན་བདེ་དགའི་དཔལ་ལ་ཅི་ཡང་རོལ།།
ཨེ་མ་ཞི་ཧུའུ་མཚོ་དང་ཀེ་ལེན་རི།།
གླང་ཆེན་འགྱིང་རི་ཧྭ་ཧྲན་ཧོང་ཧྲན་སོགས།།
འདི་ལྟའི་ཆོས་ཀྱི་དབྱངས་དང་འགྲོ་བའི་དོན།།
སྒྲོག་པར་ནུས་ན་དེ་ཡི་ཟླ་ལ་ཆས།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།