མུན་པ་ཞིག་འཐིབས་སྲིད་དམ།
ཤིང་ལོ་ཚོ།
བདའ་འདེད་ཀྱིས་སེར་མ་ལྷུང་ཞིང་།
སྟོང་གསུམ་གྱི་བར་རྡོ་གང་རུང་ན།
འཕུར་མ་བསྐྱོད། འདུར་མ་རྒྱུག ལངས་མ་གོག
ནམ་ཞིག བདེ་ལྷོད་ལྷོད་ཀྱིས་ས་རུ་འབབ་ཐུབ་བམ།
ཐག་སྒྲ་དེའི་རྐྱེན་པས།
ས་སྲོད་ཅིག་ཐོད་ལ་སླེབས།
ས་སྲོད་དེའི་རྐྱེན་པས།
ཉི་མ་མུན་པ་ལ་བྲོས།
ཟླ་བ་སྤྲིན་ནག་གིས་བཀག
བག་ཏུ་འཁུམ་པའི་སྐར་ཚོགས་ཀྱང་།
མཁའ་མཐའ་ན་མུན་ནག་གིས་གཅར་ཏེ་
འཚང་ཁ་ཤིག་ཤིག་གིས་ཕྱི་བཤོལ་ཅིག་ལ་བྲེལ།
དེ་ནས་བཟུང་།
འཇིག་རྟེན་འདི་མུན་པས་ཀུན་ནས་གཡོགས།
མུན་པ་འཐིབས་སྟངས་དེས།
སྤྱང་ཀི་ཐོན་བྱུང་།
ལུག་ཁྱུ་དཀྲོགས་སོང་།
ལུག་རྫི་རྒན་པོ།
ད་དུང་ཡང་རྨི་ལམ་གྱི་ཞིང་ན་ཡོད་ཚོད་ཡིན།
ཐག་སྒྲ་དེའི་བྲེལ་འཚུབ་ཅིག་གིས་
ངའི་སེམས་པའི་ལྷིང་འཇགས་ཀྱི་འཐབ་ར་གཏོར།
མུན་པ་སྟུག་པོ་འཐིབས་པའི་ཁང་རྙིང་ལས།
གཏམ་རྒྱུད་ཅིག་གི་བཀླགས་འཕྲོར་ཁེན་ནས་
ཕྱི་རོལ་གྱི་སྐྱ་རེངས་ཤིག་ལ་སྒུག་ཅིང་།
ས་སྲོད་རེ་ལ་དམོད།
སྔོ་ལོ་རུམ་པའི་སྡོང་རྒན་ཅིག
ཁང་རྙིང་གི་སྒེའུ་འགྲམ་ལོགས་སུ་བག་གཡེང་གིས་གཡོ།
ཕར་གཡོ་ཚུར་གཡོ། ཕར་བསྐྱོད་ཚུར་བསྐྱོད།
སྐྱེ་དགུའི་ཚོགས་ལ་བྱམས་སེམས་ཀྱི་བསིལ་བ་སྦྱིན།
མུན་པ་མ་འཐིབས་པའི་སྔ་རོལ་ཏུ།
གློ་བུར་ཏུ།
ཁང་ཀླད་ཀྱི་དར་ལྕོག་དེ་རླུང་གིས་དེད་ནས།
ཐག་ཐག་བསྐྱོད། ལྷབ་ལྷུབ་བསྐྱོད།
རླུང་གི་རྒྱུ་སྟངས་དེས།
ཡོད་ཚད་བསྒྱུར་སོང་།
དར་ལྕེ་བསེལ། ཤིང་ལོ་ཁུར།
ལོ་མ་འཕུར་སྟངས་དེས།
ཡོད་ཚད་འགྱུར་སོང་།
ཐ་ན ཁོར་ཡུག་དང་འཚོ་བའང།
རླུང་འཚུབ་འཇགས་ཤུལ་ན།
སྡོང་རྒན་བགྲེས་པོ་དང་དར་ཤིང་སྒྲེན་པོ།
ཏག་ཏག
འཇིག་རྟེན་ན་ལྷག་པའི་ལོ་རྒྱུས་ཀྱི་དན་རྟགས་རྐྱང་རྐྱང་།
རླུང་འཚུབ་ཅིག་ཡར་གཡུགས་མར་གཡུགས།
ཤིང་ལོ་ཚོ།
བདའ་འདེད་ཀྱིས་སེར་མ་ལྷུང་ཞིང་།
སྟོང་གསུམ་གྱི་བར་རྡོ་གང་རུང་ན།
ཕར་ཁུར་ཚུར་བསྐྱོད། ཕར་འགྱེལ་ཚུར་ལོག
ཡང་་་མུན་་་པ་་་ཞིག་་་འཐིབས་་་སྲིད་་་དམ་་་་
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com