ནམ་ཡིན་ཡང་མི་གཅིག་སྔོན་ལ་འགྲོ་དགོས་པ་ཆོས་ཉིད་ཡིན།

རྩོམ་པ་པོ།:རྒན་གྱའི་ཤ་བོ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-11 09:42:00 ཀློག་གྲངས།:

ནམ་ཡིན་ཡང་མི་གཅིག་སྔོན་ལ་འགྲོ་དགོས་པ་ཆོས་ཉིད་ཡིན།
ཝོའི་ལང(巫凉)གིས་བརྩམས།
རྒན་གྱའི་ཤ་བོ་ཚེ་རིང་གིས་བསྒྱུར།

         ཨ་ཕར་ལྡོག་ཏུ་མེད་པའི་ནད་གཞི་ཕོག་ཡོད་པ་ངོས་འཛིན་བྱུང་བའི་ཉིན་དེ་ནས་བཟུང་།  ཨ་མས་སེམས་ཧ་ཅང་སྡུག་པའི་རྣམ་འགྱུར་ཅི་ཡང་བསྟན་མ་སོང་ལ། ཁོ་མོས་ཡུན་རིང་བོར་བཟོད་བསྲན་བྱས་མཐར་ཁ་རོག་གེར་མིག་མཐའི་མཆི་མ་གཙང་མར་ཕྱིས་སོང་།
         ཨ་ཕ་ཡང་ཤིན་ཏུ་བབས་ཆགས་ངང་འདུག་ལ།  སྨན་པར་གནས་ཚུལ་ཞིབ་ཏུ་དྲིས་ཏེ་ཚོད་ཞིབ་ཀྱི་གོ་རིམ་དང་མཇུག་འབྲས་གསལ་བོར་ཤེས་པའི་རྗེས་སུ།  ཁང་བའི་ནང་ནས་ཉིན་གང་བོར་ཁོ་རང་གཅིག་པུ་བསྡད་སོང་།  ཕྱིར་བུད་དེ་དགུང་ཟས་ཟ་སྐབས་ད་གཟོད་ཁོས་སྨན་བཅོས་བྱ་རྒྱུ་མིན་ཞེས་ཁྱབ་བསྒྲགས་བྱས་བྱུང་། ང་དང་ངའི་བཟའ་ཟླ་རུས་ལིས་ཅན་གཉིས་ཀྱིས་ཁ་ཏ་དང་ངོ་རྒོལ་ཇི་ལྟར་བྱས་རུང་།  ཨ་མས་ཐོག་མཐའ་བར་གསུམ་དུ་ཇི་ཡང་མི་བཤད་པར་ཐུར་མ་གཉིས་ཀྱི་བར་ལ་ཚོད་མ་རེ་བཟུང་སྟེ་ཨ་ཕའི་དཀར་ཡོལ་ནང་ལ་ཡང་ཡང་འཇོག་པར་བྱེད།
         ཨ་ཕར་སྨན་བཅོས་འགན་ལེན་ཡོད་ལ།  ཡང་གཅིག་བཤད་ན་ཁྱིམ་ཚང་ནང་ནས་ཀྱང་སྨན་བཅོས་འགྲོ་གྲོན་དེ་ཁུར་ཐུབ་མོད་།  འོན་ཀྱང་ཨ་ཕས་སྨན་བཅོས་མི་བྱ་ཞེས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཤིང་། ཁོས་ད་རུང་སྨན་བཅོས་དང་ལེན་བྱེད་པ་ནི་ཚེའི་ཚད་དེ་ཟླ་གཅིག་གམ་ཡང་ན་ལོ་ཕྱེད་ཙམ་ལ་རྒྱུན་བསྲིང་ཐབས་ཙམ་ཡིན་པས།  ངས་རང་ཉིད་ཀྱི་ཆེས་མཐའ་མཇུག་གི་མི་ཚེ་འདི་སྨན་ཁང་ནང་ནས་ཡང་སྐོར་བསྐྱར་སྐོར་གྱི་རྫས་འགྱུར་ཚོད་ལྟའི་ཁྲོད་དུ་འཇོག་མི་འདོད་ཅེས་ཀྱང་བཤད་བྱུང་། མང་བོ་མེད་པའི་དུས་ཚོད་ལྷག་མ་དེའི་ནང་དུ་ཁོས་རང་ཉིད་ཀྱིས་རོལ་འདོད་པའི་འཚོ་བ་ཞིག་རོལ་ཐུབ་པར་རེ་ཡོད།
         ཨ་མས་བབས་ཆགས་ངང་ཡུན་རིང་བོར་བསྡད་རྗེས་ད་གཟོད།  ང་ཚོ་ཕྱིར་ཕ་ཡུལ་ལ་འགྲོ་རུ་བཅུག་དང་།  ཁྱོད་ཀྱི་ཨ་ཕས་རྒྱུན་དུ་རང་ཁྱིམ་དྲན་གྱིན་འདུག་ཅེས་པའི་ཚིག་གཅིག་བཤད་སོང་།  ང་དང་རུས་ལིས་ཅན་གཉིས་གཉེན་སྒྲིག་བྱས་པའི་རྗེས་སུ།  སློབ་ཆུང་ནས་ལས་འཁྱུར་ངལ་གསོ་བྱས་ཏེ་ཞིང་གྲོང་དུ་གཏན་སྡོད་བྱས་ཡོད་པའི་ཕ་མ་གཉིས་ཀ་རང་གི་གམ་དུ་བླངས་ནས་ང་ཚོ་མཉམ་དུ་བསྡད་པ་ཡིན།  ཡིན་ཡང་ཕ་མ་གཉིས་ཀྱིས་དུས་རྒྱུན་དུ་ཞིང་གྲོང་གི་སྒོ་ཕྱེས་མ་ཐག་ས་ཞིང་དང་ཆུ་བོ་མཐོང་ཐུབ་པའི་རྣམ་པ་དེ་དྲན་བཞིན་པ་མ་ཟད།  འཆམ་མཐུན་ཁྱིམ་མཚེས་བར་གྱི་ཁྱིམ་ལས་འགྲོ་འོང་དེར་དགའ་བ་ལས།  གྲོང་ཁྱེར་ཆེན་པོའི་ནང་གི་མཁའ་དབུགས་སྡུག་པོ་དེར་ལོབས་ཀྱིན་མི་འདུག
         ཉིན་གསུམ་པར།  ང་དང་བཟའ་ཟླ་རུས་ལིས་ཅན་གཉིས་ཀྱིས་ཕ་མ་གཉིས་ཀ་ཕྱིར་ཞིང་སྡེ་རུ་བསྐྱལ་བ་ཡིན།
         ཨ་ཕ་ཕྱིར་ཞིང་སྡེ་རུ་ལོག་པའི་རྗེས་སུ།  ཁོ་ཚོའི་ཉི་མ་ནི་སྔར་བཞིན་ཞི་འཇགས་ལྷོད་ཡངས་ངང་བསྐྱེལ་གྱིན་ཡོད།
         ཡུན་རིང་ཞིག་གཉིད་དུ་གྱུར་བའི་ར་བ་རུ་ཡང་བསྐྱར་སྐྱེས་སྟོབས་ཀྱི་དཔལ་འབར་ཅིང་།  ཨ་ཕ་མེ་ཏོག་ཚོང་རར་ཕྱིན་ཏེ་མེ་ཏོག་དང་སྡོང་ཕྲུག་གང་མང་ཉོས་ནས་འཁོར་གསུམ་ཞིག་གློས་ཏེ་ཡུལ་ལ་དྲུད་འོང་སྟེ་ར་བའི་ནང་དུ་བཙུགས་འདུག ངེད་བཟའ་ཟླ་གཉིས་བཟའ་འཁོར་རེ་རེ་བཞིན་ཁོ་ཚོར་ལྟ་རུ་སོང་བ་ན།  ར་སྐོར་ཆུང་ཆུང་ནང་གི་མེ་ཏོག་རྩི་ཤིང་རིགས་ནི་ཐེངས་རེ་ལས་ཐེངས་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་འདུག
         ཨ་ཕས་ཉམས་ཞན་པའི་ལུས་ལ་ལྭ་བ་སྲབ་མོ་ཞིག་གོན་ཏེ་འཇོར་བཟུང་ནས་མེ་ཏོག་རྩི་ཤིང་གི་རིགས་ལ་ལུད་འཇོག་ཅིང་།  ཨ་མས་ར་བའི་ཟུར་ཞིག་ནས་ཆུ་ཟོ་ནང་ལ་ཆུ་བཅུས་ཏེ་མེ་ཏོག་རྩི་ཤིང་གི་རིགས་ལ་ཆུ་གཏོར་བཞིན་ཡོད།  ངས་ཨ་མ་ལ།  ཨ་ཕའི་གཟུགས་གཞི་མི་བཟང་བས།  ཁྱེད་ཀྱིས་ཁོ་ལ་ཁ་ཏ་རེ་བྱོས།  དོན་དག་འདིའི་རིགས་ལ་སེམས་ཚགས་བྱེད་དུ་མ་འཇུག་ཡ་ཞེས་བཤད་མོད།  ཨ་མས་ང་ལ།  ཁ་ཏ་རྒྱབ་ཀྱང་གོ་མི་ཆོད་ཀི་ཡ།  ཁོ་རང་སྒྲུབ་པར་སྤྲོ་བ་ཡོད་ན།  ཁོའི་བསམ་པ་ལྟར་བསྒྲུབ་ཏུ་འཇུག  ཅེས་ལན་བཏབས་བྱུང་།
         ཨ་མས་ངལ་གསོ་མ་བྱས་སྔོན་ལ་ཁོ་མོ་ནི་སྐྱེས་དངོས་བསླབ་ཚན་ཁྲིད་མཁན་ཡིན་པ་དང།  ཚེ་གང་བོར་ཆེས་དགའ་ས་ནི་མེ་ཏོག་ཡིན་པས།  ཨ་ཕས་ཁ་རོག་གེར་ང་ལ།  འདི་དག་ཚང་མ་ནི་ཁྱོད་ཀྱི་ཨ་མ་ཆེས་དགའ་བའི་རིགས་ཡིན་ལ།  ཁྱོད་ཀྱི་ཨ་མས་དུས་ནམ་ཡང་འདི་ལྟ་བུའི་མེ་ཏོག་ར་བ་ཞིག་ཡོད་ན་འདོད་ཡོད།  ང་རང་ལོ་ན་གཞོན་པའི་སྐབས་སུ་རྒྱུན་པར་རང་ཉིད་ལ་བྲེལ་བ་ཆེ་བར་བསམ་ནས་ཁ་ཡ་མ་བྱས་ལ།  ཡང་སང་ཉིན་ད་དུང་མང་བར་འདོད་དེ་ཀྱ་ལེ་ཀྱི་ལེར་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་བསྐྱུར་བཞག་པ་རེད།  ད་རུང་ལག་བསྟར་མ་བྱས་ཚེ།  ངོ་མ་ཁོམ་ལོང་ཡོད་ས་མ་རེད།  ཅེས་བཤད་སོང་།  ཨ་མའི་རེ་འདོད་དེ།  ཨ་ཕས་རྟག་ཏུ་སེམས་ལ་ཉར་ནས་ཡོད་པ་རེད།
         ཟས་ཅོག་སྟེང་ནས།  ཨ་ཕས་ནད་གཞིར་རྐྱེན་བྱས་ཏེ་བཟའ་བཏུང་གི་ཡི་ག་ཆད་པའི་རྣམ་འགྱུར་མི་སྟོན་ལ།  ཤ་དང་ཁ་ཚ་ལ་སོགས་པ་ཁོ་རང་ཟ་རྒྱུར་དགའ་བ་ཞིག་ཡིན་ན།  ཨ་མས་ཀྱང་ཚང་མ་ཁོ་ལ་བཟོ་བཞིན་ཡོད་པ་ངས་གསལ་བོར་མཐོང་སོང་།
         འགྲོ་ཁ་མར།  ངས་ཕ་མ་གཉིས་ལ་ང་དང་མཉམ་དུ་ཕྱིར་གྲོང་ཁྱེར་ལ་འགྲོ་འམ་ཞེས་དྲིས་ཚེ།  ཁོ་ཚོས་དང་ལེན་བྱས་མ་སོང་ལ།  ཨ་ཕས་ང་ལ།  གཅེས་ལོ།  ཨ་ཕ་མི་ཚེ་ཕྱེད་ཀའི་རིང་ལ་ཁྱོད་དང་འགྲོགས་པས། ད་ནི་ཡིད་ཚིམ་ཡོད།  ཁྱོད་ཀྱི་ཨ་མས་ང་དང་མཉམ་དུ་དུས་རབས་ཕྱེད་ཀ་ཞིག་གི་རིང་ལ་དཀའ་སྡུག་མྱངས་ཡོད།  ཨ་ཕར་ལྷག་པའི་ཉི་མ་ཡང་མང་བོ་མེད་པས། ཁྱོད་ཀྱི་ཨ་མ་དང་མཉམ་དུ་ལྷིང་འཇགས་ཀྱི་དུས་ཚོད་ཅིག་རོལ་ན་འདོད།  འདི་ན་ཆེས་བཟང་གི  ཞེས་ལབ་སོང་།
         མི་ཚེའི་ཆེས་མཐའ་མཇུག་གི་ཉི་མར།  ཨ་ཕས་ཨ་མ་དང་མཉམ་དུ་འདུག་རྒྱུའི་སེམས་ཐག་བཅད་སོང་།
         ང་དང་རུས་ལིས་ཅན་གཉིས་ཀྱིས་གཟའ་མཇུག་རེ་རེ་ཚང་མར་ཕ་ཁྱིམ་དུ་ཁོ་ཚོར་ལྟ་རུ་ཕྱིན་པ་ཡིན།  གཟའ་འཁོར་ཞིག་ལ།  ཨ་མས་སྔོན་ལ་ང་ཚོར་ཁ་པར་བཏང་ཡོང་ནས།  ཤ་ཉེ་ཞིག་གིས་གཉེན་སྒྲིག་བྱེད་ཀྱིན་པ་དང་།  ང་ཚོ་དེའི་གཉེན་སྟོན་ལ་ཞུགས་རྒྱུ་ཡིན་པས་ཡུལ་ན་མེད། དེ་བས་ད་ཐེངས་ཁྱོད་ཚོ་ཡུལ་ལ་མ་ཡོང་ཞེས་སྔོན་བརྡ་རྒྱབ་བྱུང་། རྗེས་སུ་ཤེས་གསལ་ལྟར་ན།  རེབ་དེར་ཕ་མ་གཉིས་ཕྱི་ལོགས་སུ་སྤྲོ་འཆམ་ལ་ཕྱིན་ཏེ།  ཡོན་ནན་གྱི་མཛེས་ལྗོངས་འགྲིམས་ནས་ཉིན་བརྒྱད་འགོར་སོང་བ་རེད།  ང་དང་ངའི་བཟའ་ཟླ་གཉིས་འཐད་པ་འབྱུང་དཀའ་བར་དོགས་ནས་ཁོ་གཉིས་ཀྱིས་གྲོས་བྱས་ཏེ་ད་གཟོད་ང་ཚོར་གསང་བ་བྱས་ཡོད་འདུག
         ཨ་ཕས་རང་ཉིད་ཀྱི་གཟུགས་པོ་ལ་འདི་ལྟར་འགན་མི་ཁུར་བ་དང་། ཨ་མས་ཀྱང་ཁོ་དེ་ལྟར་ཀུ་ཡངས་སུ་བཏང་བར་ང་ཁོང་ཁྲོ་ཆེན་པོ་ལངས་མོད།  རྗེས་སུ་ཨ་མས་ང་ལ་བཤད་རྒྱུར།  ཁྱོད་ཀྱི་ཨ་ཕའི་དུས་ཚོད་མང་རྒྱུ་མི་འདུག་པས།  ང་ཚོས་ཁོ་ལ་བརྩི་འཇོག་བྱས་ན་འགྲིག་ལ།  ཁོས་བསྒྲུབ་འདོད་པ་ཐམས་ཅད་སྒྲུབ་ཏུ་འཇུག་དགོས། མི་ནི་ཚེ་གང་བོར་གསོན་བསྡད་རུང་། ནམ་ཉི་མ་ཞིག་ལ་ཚང་མ་ཅིས་ཀྱང་འགྲོ་དགོས་པ་ཆོས་ཉིད་ཡིན་པས།  གལ་ཏེ་འགྱོད་སེམས་མེད་པ་ཞིག་བསྒྲུབ་ནུས་ན།  དེ་ནི་ཆེས་ལེགས་པ་ཡིན་ངེས་ཞེས་བཤད་བྱུང་བས།  ངས་ཅི་ཞིག་བཤད་དགོས་མ་ཤེས་པར་ལུས་སོང་།
         ཡོན་ནན་ནས་ཕྱིར་ཐོན་པའི་རྗེས་ཀྱི་གཟའ་འཁོར་གཉིས་པར།  ཨ་ཕའི་ནད་གཞི་ཇེ་སྡུག་ཏུ་གྱུར་སོང་།  ཐེངས་འདིར།  ང་ཚོས་ཨ་ཕའི་གདམ་གསེས་ལ་བརྩི་འཇོག་བྱས་ཏེ་སྨན་ཁང་ནང་དུ་མ་སོང་།  ཨ་ཕ་ནི་རང་ཉིད་ཀྱི་ཁྱིམ་དུ།  ང་ཚོའི་འདུག་རོགས་དང་མིག་མདངས་ཀྱི་ཁྲོད་ནས།  ཧ་ཅང་ལྷིང་འཇགས་ཀྱིས་འཇིག་རྟེན་མི་ཡུལ་དང་གཏན་དུ་གྱེས་སོང་། གྱེས་ཁ་མའི་སྐད་ཅིག་མ་དེར།  ཨ་ཕས་སྐད་དམའ་མོས་ཨ་མའི་མིང་ནས་ཐེངས་གཅིག་བོས་པ་དང་། ཨ་མས་མོའི་ལག་པ་ཁོའི་ལག་པའི་ནང་བཞག་སྟེ། ལག་ཟུང་གཉིས་དམ་པོར་འཇུས་ནས་སྐར་མ་བཅུ་ཙམ་འགོར་བའི་རྗེས་སུ། ཨ་ཕ་ཡོངས་སུ་བཞུད་སོང་།
         ཨ་ཕའི་དུར་ལས་སྐབས་སུ། ཨ་མས་དོན་དག་མཐའ་དག་ཞིབ་ཚགས་ངང་སྒྲུབ་ཅིང་། སེམས་པ་སྐྱོ་གདུང་གིས་བཟིར་མོད། འོན་ཀྱང་མོའི་སེམས་ཁམས་འཁྲུག་པོར་གྱུར་མེད། ད་རུང་རང་དབང་མེད་པར་ངུ་བསྔངས་ཀྱིས་འདར་བཞིན་པའི་ངའི་མགོ་ལ་བྱིལ་བྱིལ་གཏོང་ཞོར་དུ་ང་ལ།  ཨ་མའི་གཅེས་ལོ།  མ་ངུ་། ཁྱོད་ཀྱི་ཨ་ཕ་བཞུད་ཟིན་པ་རེད། གནས་དེ་ན་ནམ་ཡང་ནད་རིགས་མེད་པའི་སྨོན་ལམ་ཐོབས། ཞེས་སེམས་གསོ་བྱས་བྱུང་།
         དུས་ཚོད་ཁ་ཤས་འདས་པའི་རྗེས་སུ།  དུར་སྐྱེལ་བའི་དཔུང་ཁག་ཡོངས་སུ་གྲོལ་ཟིན་མོད། ཨ་མས་ད་དུང་འབྲལ་མི་འདོད་པའི་ངང་། ང་དང་རུས་ལིས་ཅན་གཉིས་ལ།  ཁྱོད་གཉིས་སྔོན་ལ་སོང་དང་།  ངས་འདི་ནས་ལྷིང་འཇགས་ངང་ཁྱོད་ཀྱི་ཨ་ཕ་ལ་འདུག་རོགས་ཤིག་བྱ་འདོད།ཅེས་ངེད་གཉིས་སྔོན་ལ་འགྲོ་རུ་བཅུག་སོང་།
         ཨ་ཕ་འདས་རྗེས།  ཨ་མས་ཡུལ་སྐོར་བྱེད་མགོ་བརྩམས་སོང་། དུས་ཡུན་ཐུང་ཐུང་ལོ་ཕྱེད་ཙམ་གྱི་རིང་ལ།  ཁོ་མོ་སན་ཡ་དང་ནན་ཅིན། ཧང་ཀྲུག་ལ་སོགས་པའི་ས་ཆ་མང་བོར་སོང་བ་རེད།
         རྗེས་སུ་ང་ཡུལ་ལ་ཁོ་མོར་ལྟ་རུ་སོང་ཚེ། ཁོ་མོས་རང་ཉིད་ཀྱི་ཡུལ་སྐོར་པར་སྒྲོམ་གྱི་ཁ་ཕྱེས་ཏེ་ང་ལ་བསྟན་སོང་། ངས་པར་སྒྲོམ་ལས། ཡོན་ནན་ལ་ཕྱིན་སྐབས་ནད་གཞི་ལྕི་ལ་ངོ་མདངས་བཟང་རྒྱུ་མེད་པའི་ཨ་ཕས་ཨ་མར་ལག་འཇུ་བྱས་ཏེ་མཚོ་ཆུང་ཞིག་གི་མདུན་ན་ལངས་འདུག་པ་མཐོང་བྱུང་ལ། ཏ་ལི་གྲོང་གི་མི་ཚོགས་མང་བའི་སྲང་ལམ་ཞིག་ན་ཁོ་ཚོ་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་བཞིན་པ་ཡང་མཐོང་བྱུང་། ངས་ད་དུང་བཞུག་ནས་ཨ་མ་མོ་རང་གཅིག་པུ་ཡུལ་སྐོར་དུ་ཕྱིན་པའི་མཛེས་ལྗོངས་ཀྱི་པར་རིས་མང་བོ་ཞིག་གི་ཐོག་ན་ཡང་ཨ་མའི་ལག་ལ་ཁོ་གཉིས་ཀྱི་མཉམ་པར་རེ་བཟུང་ཡོད་པ་གསལ་བོར་མཐོང་བྱུང་། ཨ་མས་ང་ལ། འདི་དག་ཚང་མ་ནི་ཁྱོད་ཀྱི་ཨ་ཕ་འཚོ་བཞུགས་སྐབས་སུ་ཆེས་འགྲོ་འདོད་ཡོད་པའི་ས་ཆ་རྐྱང་རྐྱང་རེད། འོན་ཀྱང་ཁོ་འགྲོ་ཁོམ་མ་བྱུང་བས།  ངས་ཁོ་ས་ཆ་དེ་དག་ལ་ཐེངས་གཅིག་ཁྲིད་པ་ཡིན་ཟེར།
         སྐབས་འདིར།  ངས་ད་གཟོད་ཐོག་དང་བོར་ཕ་མ་གཉིས་ཀྱི་གཏིང་ཟབ་པའི་བརྩེ་མདངས་གསལ་བོར་རྟོགས་སོང་།

ཟུར་མཆན།
         རྩོམ་ཡིག་འདི་ནི་ཁོ་བོས་ད་ལོའི་སྤྱི་ཟླ9བའི་ཚེས5ཉིན་གྱི་རྒྱ་ཡིག་གི་ཀན་ལྷོ་ཉིན་རེའི་ཚགས་པར་གྱི་པར་ངོས3པ་ལས་བདམས་ཏེ། ཟླ10བའི་ཚེས3ཉིན་གྱི་མཚན་མོ་ནས་ཚེས4ཉིན་གྱི་ཉིན་གོང་བར་བོད་ཡིག་ཏུ་བསྒྱུར་ཚར་བ་ཡིན་ལ། མ་རྩོམ་གྱི་ཆེས་མཐའ་མཇུག་གི་རང་གྲུབ་ཚན་པ་ཐུང་ཐུང་གཉིས་རང་མི་རིགས་ཀྱི་གོམས་གཤིས་དང་ཅུང་མི་འཚམ་པར་འདོད་ནས་མ་བསྒྱུར་བར་བསྐྱུར་ཟིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།