ཅི་ཏེ་མ་ཅའི་སྙན་ཚིག་ཁག་ལྔ།
དབྱིས་རིགས་ཀྱི་སྙན་ངག་པ་གྲགས་ཅན་ཅི་ཏེ་མ་ཅ།
དབྱིས་རིགས་ཀྱི་སྙན་ངག་པ་གྲགས་ཅན་ཅི་ཏེ་མ་ཅ། ཅི་ཏེ་མ་ཅ་ཞེས་པ་དབྱིས་རིགས་ཀྱི་སྐད་དུ་གངས་གཟིག་གི་དོན་ཡིན། 1961ལོར་ཟི་ཁྲོན་ལིང་ཧྲན་དུ་སྐུ་གཏམས། མཚོ་སྔོན་པ་རྒྱལ་སྤྱིའི་སྙན་ཚོགས་ཀྱི་དབུ་འཛིན་དང་ཞིང་ཆེན་ག་གེ་མོའི་མཐོ་རིམ་མགོ་ཁྲིད་ཅིག་ཀྱང་ཡིན། ཁོང་གི་སྙན་ངག་གིས་དབྱིས་རིགས་ཀྱི་གདོལ་མའི་སེམས་ཁམས་དང་གཉུས་གཤིས་ལས་བཏོན་པའི་ཤེས་རབས་ཀྱི་རང་བཞིན་སྨྲ་བ་མེད་པ་ཅིག་མཚོན་ནས་ཡོད་པ་དེས་ཁོང་གི་སྙན་ངག་ལ་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆོད་ནས་ཡོད་དོ།།
དུས་ལ་བརྒྱུས་པའི་གཙང་པོ། (ཞར་བཀོད་བཞི།)
ཅི་ཏེ་མ་ཅ་ཡིས་བརྩམས། རེ་རྐང་གླིང་གིས་བསྒྱུར།
--འབག་བཟོ་བ་ཀྲང་ཏེ་ཏི་ལ་བྲིས།
དེ་ནི་ང་རང་སྟེ
དུས་ག་གེ་མོའི་ས་ཚིགས་དང་ཁ་བྲལ་མེད་པའི་ང་རང་ངོ
དེ་ནི་ང་ཡི་ལང་ཚོ་སྟེ བྱེའུ་ཞིག་དང་དབྱེར་མེད་པས
ཡུན་རིང་ཞིག་ལ ངས་ཁོང་གི་བཞུད་ལམ་མ་ཟིན་མོད
དེ་རིང་ཁོ་ཡང་བསྐྱར་ངོ་མཚར་ངང་དོན་ནས་བྱུང
དེ་ནི་ང་ཡི་མིག་ཟུང་སྟེ དྭངས་གཙང་གི་ནམ་མཁའ་ཞིག
དེ་ནི་ང་ཡི་མིག་མདངས་ཏེ སྟོང་བསམ་གྱིས་ཁེངས་པར་གནས
དེ་ནི་ང་ཡི་སྐྲ་ལོ་སྟེ རང་དབང་གི་རླབས་གཉེར་ཞིག
དེ་ནི་ང་ཡི་དཔྲལ་བ་སྟེ གཞོན་ཤ་རྒྱས་ལ་རང་སྣང་གིས་ཚིམས
དེ་ནི་ང་ཡི་མཆུ་སྒྲོས་ཏེ
རིགས་རྒྱུད་ཅིག་གི་རི་ཚོགས་དང་ས་གཞི་ལ་འོ་མཆུ་སྦྱར་མྱོང་ཞིང
སྔོན་གྱི་དུས་ན་ཆེས་མཛེས་སྡུག་གི་སྙན་ཚིག་ཀྱང
གཞོན་ནུ་མའི་ཟ་འགྲམ་དུ་དལ་བུར་ངག་ལ་སྐྱོར་མྱོང
དེ་ནི་ངའི་ལུག་བལ་གྱིས་བཏེགས་པའི་ཕྱིང་གདན་ཏེ
ཡབ་ཆེན་གྱིས གླག་རྒོད་ཀྱི་གཤོག་པ་ཡིན་ཟེར
དེ་ནི་ངའི་བྲང་ཁའི་དཔའ་སྙིང་གི་མདུད་པ་སྟེ
ཡུམ་ཆེན་གྱིས སང་ཉིན་དང་མ་འོངས་པའི་ལུང་བསྟན་ཡིན་ཟེར
དེ་ནི་ང་རང་སྟེ དེ་ཉིད་ངེས་པར་ང་རང་ངོ
དེ་ནི་ཁྱོད་ཀྱི་རྫུལ་འཕྲུལ་དང་ལྡན་པའི་ལག་ཟུང་གིས
དུས་ལ་བརྒྱུས་པའི་གཙང་བོ་ལས
དམ་དམ་ངང དམ་དམ་ངང་ཟིན་པའི
ལོ་ན་བཅོ་བརྒྱད་ཀྱི་ང་རང་ངོ་།།
གྲིབ་གཟུགས།
ངས་སྔོན་ཆད་འདི་ལྟའི་སྙན་ཚིག་ཅིག་བྲིས་མྱོང་སྟེ
མི་ཡིན་པ་ལ
ང་ཚོ་གཏམས་པའི་དུས་སུ
བཟོ་ལྟ་ཉག་གཅིག་སྟེ
གཅིག་ཤེས་ཀུན་གྲོལ་གྱིས ང་ཚོ
ཚང་མ་མ་ཡུམ་གྱི་མངལ་སྒོ་ལས་བཏོན་ནས་བྱུང་ཞེས་པའོ
ཡང་ན་འདི་ཉིད
ལས་ཀྱི་བྱེད་པོས་ལག་པ་གཡོན་པ་དེས
སྐྱེས་རྒྱུད་ཀྱི
མདུན་སྒོ་འདི་ཕྱེ་དུས་སུ
ཁོས་དུས་མཉམ་དུ་ལག་པ་གཡས་པ་བཀོལ་ཏེ
ཡང་བསྐྱར་འཆི་བའི་ལྡེ་མིག
ང་ཚོའི་ལག་ལ་བཙུད་པ་དང་འདྲ་བྱུང
ངས་རྣམ་ཀུན་འདི་ལྟར་སེམས་ཀྱིན་ཡོད་དེ
མིའི་རིགས་ལྔ་ལམ་དུ་གྱར་ཚུལ
སྣ་ཚོགས་པ་མང་པོ་ཡོད་པ
ཡོངས་སུ་ངེད་ཅག་གི་བསམ་རྒྱུན་ལས
ཅིའི་ཕྱིར་བརྒལ་ཡོད་པ་ཡིན་ནམ
དེ་ལ་ལྷ་བས གྲིབ་གཟུགས་མཐའ་དག་འདྲ་མཚུངས་མིན་ཞེས་བཤད་རྗེས
ཁོང་གིས་ཀྱང་དམར་བོར་གྱུར་བའི་ཐོང་ལྕགས་ལ་སོ་བཏབ་བྱུང་།
ཉིན་དེ་ངེས་པར་སླེབ་སྲིད།
ཉིན་ཞིག་ལ
ཉིན་དེ་ངེས་པར་སླེབ་སྲིད་དེ
ང་ཡི་རྣམ་ཤེས་ཀྱིས་འདས་པའི་ཉིན་མོའི་ཚབ་མཛད་ནས
ང་ཡི་ཕུང་བོར་གུས་ཕྱག་འབུལ་ངེས
ཁྱོད་ཀྱིས་གཟིགས་ཆོག ང་སྐུ་བལྟམས་པའི་དུས་དེ་ག་ནས་བཟུང
ལུས་པོ་དང་རྣམ་ཤེས་ཕན་ཚུན་འབྲེལ་མེད་དུ་གནས་ཡོད
གཞན་རྟེན་གྱི་རྣམ་ཤེས་འདིས
རང་ཉིད་ལ་སྡོད་ཁང་ཞིག་རྙེད་པ་སྟེ
ལུས་པོ་རང་བླ་ལྷག་གིས་རྟག་བརྟན་གྱི་གདོང་འབག་ཅིག་དང
ཡང་ན་དེ་ཉིད་རྐྱལ་པ་གཞན་ཞིག་ཏུ་བཤད་ཆོག
སྔོན་གྱི་ལྕུག་ཕྲན་ཙམ་པོ་དེ
ལོ་ན་ལས་དུབ་པའི་བྱ་ཚང་རྙིང་གོག་ཅིག་ཏུ་གྱུར་སོང
ཁྱོད་ཀྱིས ངའི་མི་ཚེ་གང་བོ་འཆར་རྟོག་གིས་ཁེངས་ནས་ཡོད་པ་ཅིའི་ཕྱིར་ཟེར་ན
དེ་ནི ལུས་པོ་དང་རྣམ་ཤེས་གཉིས་ཀྱིས
རྒྱུན་གཏན་དུ་ང་རང ཨོ་ད་དུང ངའི་བསམ་བློ་ཡོད་ཚད
བརྩེ་བ་དང་འཆི་བའི་མེ་ཐབ་ཏུ་འཕངས་ནས་ལྕིག་ལྕིག་འབར་དུ་བཅུག་པས་ཡིན
རྣམ་ཤེས་གར་ལ་རྩེན་དུས་སུ
ལུས་ཀྱི་ཟུངས་ཁྲག་ཀྱང་འཕྱུར་ཞིང་འཕྱོ
སྐབས་འགར་རྣམ་ཤེས་དང་འཇིགས་སྐྲག་བྱ་རྡོ་ལམ་འཕྲད་ཀྱིས
ལུས་པོའི་དབུགས་ཀྱི་རྒྱུ་བ་བསྡམས
གློ་བུར་བའི་འཚུབ་ཆ་དེ
གློག་ལ་འཕྲད་པའི་འདར་ཡོམ་ལས་ཀྱང་མཐུ
འཆར་ཅན་གྱི་མཚན་མོ་རེ་ལ
ད་གཟོད་རྣམ་ཤེས་རང་ཁོང་གི་མེ་ཏོག་གི་སྐྱེད་ཚལ་ལས་ཏོག་ཙམ་ཕྱིར་གྱེས་ཏེ
སྐར་འོད་ཀྱི་སྣང་བ་ཕྱོགས་སུ་བཀྲ་བའི་ཐང་སྟོང་དུ་རྨི་སྣང་གི་གར་ལ་རྩེན
ཚེ་སྲོག་རང་འཚོ་ཚིས་ཀྱི་མ་ལེགས་པའི་འགལ་རྐྱེན་དེར་འཕྲད་དུས་སུ
སེམས་པ་རང་ཚལ་བར་གཤག་སྲིད་མོད
ང་རང་གི་སེམས་ལ་འཚུབ་ཆ་སྟེར་མཁན་ནི
ངུ་བའི་མིག་ཟུང་ཆེ་རུ་བགྲད་པ་དེ་ཡིན་ཨང
བླུན་རྨོངས་པ་ཁོ་ནས
ལུས་ལས་ཟུངས་ཁྲག་བཞུར་བ་དང
རྣམ་ཤེས་དེ་ཁེ་གྲི་ཙམ་པོས་བརྟོལ་བ་ལ
འདི་གཉིས་ཀྱི་ན་ཟུག་གང་ཞིག་གཏིང་ཟབ་ཨང་ཞེས་འདྲི་ངེས
ཡིན་ནའང་གསང་བའི་མན་ངག་ཅིག་ཡོད་པ
ངས་ཁ་རོག་གེར་ཁྱོད་ལ་བརྗོད་ཆོག་སྟེ
གལ་སྲིད་ལུས་པོའི་སྐྱིད་སྣང་ལ
རྣམ་ཤེས་དང་རྣམ་པར་ཤེས་པའི་སྦྱར་སྤྱིན་ལྟ་བུ་དེ་མེད་པ་ཡིན་ན
འཇིག་རྟེན་འདིའི་བརྩེ་བ་རྣམས་འཆི་བར་འགྱུར་ངེས་སོ། །
ཡུམ་ཆེན་ལ་བྲིས་པའི་སྙན་ཚིག
ཁྱོད་ཀྱིས་ལོ་ཟླའི་རླབས་ཀྱི་ཕྲེང་བས
ཡང་དང་བསྐྱར་དུ་འགྲམ་ངོགས་ལ རྡུང་ག་གཞུ་བ་དེར
གདོང་ཅི་ལྟར་ལྕོགས་པར་ཕོད
ཁྱོད་ཀྱི་མིག་གི་རྒྱལ་མོ་སྟེ ངའི་རིན་ཆེན་སྤོས་ཤེལ་དེར
གཞོན་ནུ་མའི་གཟི་མདངས་ཉམས་ཟིན་པར
གདོང་ཅི་ལྟར་ལྕོགས་པར་ཕོད
དུས་ཀྱི་ལག་དམར་བ
གཟི་འོད་འབར་བའི་ཤ་སྐྱིའི་གསེབ་ཏུ་འཛུལ་བར་ཅི་ལྟར་ཁ་གཏད་གཅོག་གམ
རྫུལ་འཕྲུལ་ལྟ་བུའི་ནུས་སྟོབས་འདི་ལས འབྲོ་ཐབས་དབེན
ཕྲ་ཞིང་རིང་བའི་སྐྱེས་གཟུགས བག་མའི་ཞབས་འོག་གི་ཆིབས་སྒ་ལ་སྒུག་བཟོད་མེད
སྣག་སྣུམ་གྱི་སྐྲ་ལོ སྐད་ཅིག་ཉིད་ལ་འཚེར་བའི་གློག་གི་ཞགས་པ
ད་ནི་སྤུའི་ཉག་མ་ཞིག་ཏུ་གྱུར
སྒུར་ཅིང་ངལ་དུབ་ཀྱིས་མནར་བའི་མགོ་བོ དངོས་པོ་དག་ཀྱང་རབ་རིབ་མག་མོག་ཏུ་གྱུར
བྱིས་དུས་ཀྱི་གྲིབ་གཟུགས་དེ་ལ གྱེས་ཕྱག་སྟོང་གི་བར་གྱིས་བཅད་ཅིང
ལང་ཚོའི་ཁང་བཟང་དེ་ཡང རྨི་ལམ་གྱི་གྲོང་ཁོ་ནར་མངོན་ཐུབ
དངུལ་འོད་ལམ་ལམ་འཚེར་བའི་རྒྱན་ཆའི་བདག་པོ དབྱི་རིགས་ཀྱི་རྒྱལ་མོ་ཨང
འཁུག་སོ་སྟོང་གིས་ཆད་པའི་རྦ་རླབས་ཀྱིས་ཕྲག་དོག་གི་རང་བཞིན་བསྒྱུར་ཅིང
ཁྱོད་ཀྱིས་མི་ཡུལ་གྱི་ངུ་དགོད་སྐྱེན་པའི་སྣང་བ་ཉམས་སུ་མྱངས
ཐམས་ཅད་ལ་ག་ལེར་གྱེས་ཕྱག་འབུལ་དུས་སུའང
ཁྱོད་ལ་ཕྱིར་དྲན་གྱི་བསྐལ་བ་མ་གནང
མི་རབས་གཅིག་གི་ལྕམ་སྲིང་མ་དག་ཡ
དུར་སའི་མེ་འོབས་ཀྱི་བླ་གནས་ལ་མགོ་བོ་བསྙེས་བཞིན་གཏན་དུ་གཉིད་ལ་གཟིམས་སོང
ངོ་མ སུ་ཞིག་གིས་ཁྱོད་ཀྱི་ཤོར་ཟིན་པའི་ལོ་དང་ཟླ་བ་རེ་རེར
ཡོད་ཅོག་ཅོག་གི་བདེན་ཁ་སྟེར་ཐུབ
ངོ་མ སུ་ཞིག་གིས་ཁྱོད་ལ་བརྗོད་ཐབས་བྲལ་བའི་སེམས་གསོ་དེ
བདེན་ཅོག་ཅོག་གིས་མཚོན་བརྗོད་བྱེད་ཐུབ་བམ།
རྩད་འདྲི།
ཚོན་ཆ་རྟུལ་བོའི་དུས་རབས་ནས ད་ལྟ་ལ་ཐུག་གི་བར་དུ
མིའི་རིགས་ཀྱིས་དམར་གསོད་ཀྱི་ཐབས་ལམ
དུས་ཀུན་རྙིང་ཚབ་གསར་བརྗེ་བྱས་པ
འདི་ཉིད་མི་གཤིས་ཀྱི་གས་ཁ་དང་བརྩེ་བ་རྫུས་མ་ཞིག་ལས
འདྲ་ཆགས་ཀྱི་གསལ་བཤད་གང་ཞིག་རྙེད་ཐུབ་བམ
ངས་ཆེས་དམའ་ས་ནས
ཕ་ཡུལ་གྱི་བྲ་བོའི་ཐང་ལ་ཧྲིག་གེར་བལྟས་ན
བསིལ་རླུང་དལ་བུར་ལྡང་བའི་དུས་སུ
ང་ཡིས་ནི བྲ་བོའི་དངོ་ཁའི་ཆུ་ཟིལ་འོད་དུ་འཚེར་བ་མཐོང་ཡོང་བ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com