གཟི་དཔལ་འཚེར་པའི་མཚོ་ལྷོ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-09 12:25:00 ཀློག་གྲངས།:

གཟི་དཔལ་འཚེར་པའི་མཚོ་ལྷོ།
         སྟག་རིག་འབྲུག་ཐར། (ཁྲི་ཀ)

        དེང་གི་སྤྱི་ཚོགས་གསར་བའི་རིས་མེད་ཉིན་བྱེད་ཀྱི་ཟེར་བརྒྱའི་སྣང་བ་འཛིན་མའི་དཀྱིལ་འཁོར་ཁྱོན་ཀུན་དལ་བུར་འཕྲོས་པས། སྔོན་བྱོན་མེས་པོས་ལེགས་མཛད་རིག་གནས་ཀྱི་མྱུ་གུའི་ཡོ་ལང་རྣམ་པར་བཞད་ཅིང་། ཐོན་སྐྱེད་གསར་བའི་འདབ་དྲུག་མེ་ཏོག་གི་འཛུམ་བག་ལྷུག་པོར་དགོད་ལ། ལས་རིགས་སོ་སོའི་རྐང་དྲུག་ཚོགས་ཀྱང་འཕུར་ལྡིང་གར་དུ་རྩེན་ཏེ། འབྲས་བཟང་ཟེའུ་འབྲུའི་ལོངས་སྤྱོད་ཀྱི་སྐལ་བཟང་དོན་ཐོག་ཏུ་སྨིན་པར་གྱུར།
        མཚོ་ལྷོ་ཁུལ་ཚུགས་ནས་ལོ་འཁོར་དྲུག་ཅུ་འགོར་བའི་དུས་དེ་རིང་། ང་ཚོས་ཕྱིར་གཞིག་སྒོས་གྲུབ་འབྲས་ཀྱི་གླེགས་བམ་མཐོན་པོར་ཁད་ཀྱིས་མཇལ་དུས། དངོས་གནས་དགའ་འོས་ཤིང་ཡིད་སྤྲོ་བའི་འབྲས་བུ་དཔག་བསམ་ལྗོན་ཤིང་ལྟར་ག་ས་གང་ནས་སྨིན་པར་མ་ཟད། དགོས་འདོད་ཐམས་ཅད་ཆར་དུ་བསྙིལ་བས་བདེ་སྐྱིད་ཀྱི་བཀྲ་ཤིས་རི་མོ་སྐྱེ་འགྲོ་ཡོངས་ཀྱི་ཞལ་རས་གོར་མོར་ཡུན་གྱིས་བབས་ཡོད།
        འདི་ནས་ལྡོག་རྩིས་བྱས་པའི་ལོ་ངོ་དུ་མའི་ཡར་སྔོན་ལ་མཚོ་ལྷོ་ཁུལ་གྱི་རྫོང་སོ་སོ་དང་གྲོང་སྡེ་སོ་སོ། ཡུལ་ཚོ་སོ་སོའི་རྒྱུན་སྤྱོད་འཚོ་བ་སྐྱུར་མོ་རོལ་ནས་འཕེལ་མེད་སོར་གནས་ཀྱི་ཐབ་ཆག་གི་རྣམ་པ་ཞེ་སྐྱོ་ཡང་། སྒྱིད་ལུག་རིང་དུ་དོར། བརྩོན་པ་ཉམས་སུ་མྱངས་ཏེ་ཕྱི་ནང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཀླད་ཤུགས་ངལ་རྩོལ་དང་ལུས་ཤུགས་ངལ་རྩོལ་གྱི་རིག་གནས་ཤེས་བྱ་མཐའ་དག་ལ་བུང་བ་པད་ཚལ་དང་ངང་བ་མཚོ་ནང་དུ་ཞུགས་པ་ལྟར་ཉིན་མཚན་ལྟོས་མེད་དུ་འབད་འབད་འབུངས་འབུངས་བྱས་སྟབས། དུས་ད་ལྟར་གཡུར་ཟའི་འབྲས་བཟང་ཡར་ངོའི་ཟླ་བཞིན་རིམ་གྱིས་འཕེལ་བ་དང་། འབྱོར་འབྲིང་ལ་ཕྱོགས་པའི་ཞིང་སྡེ་གསར་བའི་དཔལ་ཡོན་ཡང་ཡོངས་སུ་རྫོགས་ལ་ཉེ་བས་མཚན་གུང་གི་རྨི་ལམ་ཡག་པོ་ཞིག་མངོན་འགྱུར་འབྱུང་ཐུབ་སོང་།
        ལོ་ངོ་མང་པོ་འགོར་བའི་ཡར་སྔོན་ལ།  དགོང་ཕྱི་དྲོའི་མཚན་སྨག་གི་འཇབ་རྒོལ་ཐེབས་དུས། བྲོ་ལྡན་དྲི་ངད་ལེགས་པའི་དགོང་མོའི་ནུབ་འཚལ་ཇི་འདྲའི་ཞིམ་ཡང་། བཟའ་མི་གང་བོས་མག་མོག་རབ་རིབ་ཀྱི་སྣུམ་སྒྲོན་ཟད་པོ་ལས་རྒྱས་ཟ་རྒྱས་འཐུང་གི་སྦྱོར་བ་རྩོམ་པའི་ཉམས་སྣང་ཡོད་ཀྱང་འོད་སྣང་གི་རང་མདངས་ཞན་པའི་སྐར་འོད་བཞིན་མཚན་ལྗོངས་ཧྲིལ་བོ་ནག་ཐོམ་མེར་གནས་ཡོད་སྟབས། ང་ཚོར་མཚོན་ན་མི་འདོད་པའི་མུན་ནག་གི་འཇིག་རྟེན་ཞིག་རེད་ཨང་། ལྷག་པར། དེ་དུས་བརྙན་འཕྲིན་འཕྲུལ་ཆས་དང་འཁྱག་སྒམ། གློག་ཐབ་དང་འཁྲུལ་ཆས་སོགས་ཀྱི་མིང་བརྡ་དག་ནི་ལྐོག་གྱུར་གྱི་ཐ་སྙད་དུ་གྲུབ་པས། ངན་ངོན་འཚོ་བའི་ལོ་ཟླ་རིང་མོ་ཇི་ལྟར་སྐྱེལ་ཡོད་ཨང་། ཡིན་ཡང་ཇུས་བཟང་གི་སྦྲང་ཆར་བསིལ་མ་ཡུལ་ལུང་གི་ཚད་བཀག་མེད་པ་དང་མི་རིགས་དབྱེ་འབྱེད་ཀྱི་ཁྱད་པར་བྲལ་བར་ཤག་ཤག་ངང་ཐོལ་གྱིས་བབས་པ་སྟེ། ཚར་དུ་དངར་བའི་གློག་སྡོང་གི་གོམ་འགྲོས་སྙན་མོ་གྲོང་སྡེའི་དབུས་དང་སྡེ་བའི་དཀྱིལ། དགོན་པའི་ཁྲོད་བཅས་སུ་ཀེར་རེར་འགྲེང་ཞིང་ཕྲག་ལ་བཏེགས་པའི་སྲ་འཐས་ཀྱི་རྣོ་ལྕགས་ཕྲ་མོས་ཁང་ཁྱིམ་གྱི་ག་ས་གང་དང་མུན་ནག་གི་བར་སྟོང་མ་ལུས་དཀར་གསལ་འོད་སྣང་གིས་ཁྱབ་པར་བྱས་སོང་། མུན་ནག་གི་འཇིག་རྟེན་སྐྲོད་མཁན་ནམ་སྨག་མུན་འཇོམས་པའི་འོད་ལྡན་གློག་སྒྲོན་དར་བ་ནས་བཟུང་། ང་ཚོས་ད་གཟོད་བདེ་སྐྱིད་འོད་སྣང་གི་གཟི་བྱིན་མྱངས་ཤིང་དུས་རྒྱུན་འཚོ་བར་དུས་ཚོད་སྐར་མ་གཅིག་ལའང་མེད་ན་མི་ཆོག་པའི་སྤྱོད་སྒོ་ཆེ་བའི་གློག་གི་རིན་ཐང་ཡང་བརྒྱ་འགྱུར་སྟོང་འགྱུར་གྱིས་མཁོ་གལ་ཆེ་བ་རྟོགས་སོང་།
        རི་སུལ་ལུང་ཁུགས་དང་གྲམ་གཞུང་གི་མཐའ་ན་དུད་ཁྱིམ་ཐ་ཐོར་དུ་འཚོ་སྡོད་བྱེད་དུས།  རྒྱང་ཐག་རིང་བོ་ཆོད་པའི་མི་ཟོག་གི་བཏུང་ཆུ་ལེན་སའི་ཆུ་མིག་གི་འགྲམ་གྱི་བར་འབའ་འབུར་ཀྱག་ཀྱོག་མང་བའི་སྐྱ་ཤུར་རེའི་རྐང་ལམ་རིང་མོ་ཞིག་བརྒྱུད་དགོས་ལ། ལམ་ཕྲན་དེ་དག་ལས་ཤིང་ཟོ་དང་འགྱིག་ཟོ། ལྕགས་ཟོ་སོགས་རྒན་དར་གཞོན་གསུམ་ཇི་སྙེད་ཅིག་གི་རྡོག་པས་ཕར་ཚུར་བརྫིས་ནས་དགུན་ཁའི་གྲང་ངར་དང་དབྱར་གྱི་ཚ་བ་ཇི་འདྲའི་རྣོ་ཡང་རྒྱབ་ཀྱི་ཁུར་བོ་དང་ཕྲག་རྡང་གི་དོ་བོར་གྱུར་ནས་དཀའ་ཚེགས་ཀྱི་རྔུལ་ཆུའི་ཐིགས་པ་ཡང་ཡང་གཏོར་ཞིང་བསྐྱར་ཟློས་ཀྱི་ཞབས་རྗེས་རི་མོ་གྲངས་མེད་ཅིག་གཏོར་ཡོད་ཨང་། འོན་ཀྱང་སྲིད་ཇུས་གསར་བའི་དུང་བརྡ་སྙན་མོ་ཕྱོགས་དང་ཕྱོགས་སུ་མཆེད་པས་རང་འབབ་ཆུའི་ལས་གཞི་ནི་དུས་ཐོག་གི་ཆར་བཞིན་སྡེ་བ་ནས་སྡེ་བ་དང་། དུད་ཁྱིམ་ནས་དུད་ཁྱིམ་བར་བསམ་ཐོག་ཏུ་བབས་ཤིང་། ལེ་དབར་བཅུ་ནས་བརྒྱ་ཕྲག བརྒྱ་ཕྲག་ནས་སྟོང་ཕྲག་ལྟ་བུའི་བར་ཐག་རིང་མོ་ཆོད་ཀྱང་ཁ་དོག་དཀར་པོའི་འགྱིག་གི་སྦུ་གུར་དྭངས་གཙང་རྫ་ཆུ་བསིལ་མ་བདེ་ལེགས་ངང་དྲངས་པས་ཆུའི་ཐོན་ཁུངས་བེད་སྤྱོད་ཀྱི་བཀྲ་ཤིས་དུས་བཟང་གཞི་ནས་དབུ་ཚུགས་སོང་།  གྲོན་ཆུང་བཟང་སྲིའི་ཆོས་ཉིད་དང་འཚམ་པའི་ད་ལྟའི་རང་འབབ་ཆུའི་སྟབས་བདེའི་བཀོལ་སྤྱོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གཞི་གཅིག་ཏུ་སྐྱ་འཐབ་ཡོད་པས་དངོས་གནས་སྤྱི་ཚོགས་གསར་བའི་འཕེལ་རྒྱས་ཀྱི་རྟགས་མཚན་ཞིག་ཅིས་མ་ཡིན།
        འདི་ནས་ཡར་བརྩིས་པའི་ལོ་ངོ་དུ་མའི་སྔོན་ལ། ཀྱ་ཀྱུའི་ཁུགས་སོ་མང་ཞིང་ཕར་གུག་ཚུར་ཡོན་དུ་ཡོད་པའི་རི་སྐེད་རྐང་ལམ་དང་གཟར་ཞིང་ཁྱོན་དོག་ལ་སྐྱ་ཐག་གེར་སྣང་བའི་གྱ་ག་གྱུ་ཁུགས་ཅན་གྱི་ལམ་ཕྲན་དེ་དག་ནི་སྐྱ་མི་དང་རྐང་ཐང་བའི་རྒྱུ་ལམ་ཉག་ཅིག་ཡིན་ལ། ཤིང་རྟ་དང་འདྲུད་འཐེན་འཁོར་ལོའི་དངོས་ཟོག་སྐྱེལ་འདྲེན་དང་ཚོང་ཟོག་དབོར་འདྲེན་གྱི་དཀའ་ལས་རྒྱག་སའི་བགྲོད་ལམ་ཡག་ཤོས་ཤིག་ཡིན་པའང་གོར་མ་ཆག ཡིན་ཡང་དུས་རབས་གསར་བའི་ལམ་ཕྱོགས་བཟང་བོ་དཔྱིད་ཀྱི་ཕོ་ཉ་བཞིན་ཕྱོགས་བཞི་མཚམས་བརྒྱད་དུ་སླེབས་པ་སྟེ། འཕྲུལ་ཆས་གསར་བའི་སྣ་ཞགས་ཡངས་པོས་རྡེའུ་ཟེགས་དང་ས་རྡུལ་གྱིས་ཁེངས་པའི་ལམ་ཕྲན་ཡོད་ཚད་ཡར་གཤག་མར་གཤག་སྒོས་ཁོད་ཇེ་སྙོམ་དང་རྒྱ་ཇེ་ཆེ། ངོས་ཇེ་བདེར་བཏང་བས། སྣུམ་ལམ་ནས་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་དྲང་མོ་མདའ་ལྟ་བུ་དང་དཀན་གཟར་ལུང་གྲོག་ནས་ཆུ་ཆེན་གྲམ་པ་སོགས་སུ་མཁའ་རུ་དཔྱངས་པའི་ཁ་དོག་སྣ་ལྔའི་འཇའ་ཚོན་ནམ་གཞུ་དབྱིབས་དང་མཐུན་པའི་ཆེ་ཆུང་འདྲ་མིན་གྱི་ཟམ་པ་གྲངས་མེད་པ་ཞིག་ལྗིད་ཏིག་གེར་བརྟན་ཞིང་བརླིང་བར་བཞེངས་པས་ཚོང་ཟོག་སྐྱེལ་འདྲེན་དང་ཉོ་ཚོང་བརྗེ་རེས། ཡུལ་སྐོར་ལྗོངས་རྒྱུའི་འགྲིམ་འགྲུལ་རྒྱུ་ལམ་གྱི་རྣམ་པ་སྔར་ལས་བླ་ལྷག་གིས་སྟབས་བདེར་བཟོས་པ་འདིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་མངོན་རྟགས་ཐུན་མིན་ཞིག་ཏུ་གྲུབ་པ་མ་ཡིན་ནམ།
        ར་བ་གྱང་གོག་གིས་གཡོགས་ཤིང་ཁང་ཆུང་ཀླད་རྡིབ་སློབ་ཁང་དུ་བཅོས། སྒོ་སམ་ཤིང་ལེབ་དང་རྐུབ་སྟེགས་རྡོ་བ། ཐང་ངོས་འབྲི་དེབ་ཏུ་བརྫུས་ཤིང་ཤིང་ཐུར་སྨྱུ་གུ་རུ་བསྒྱུར་ནས་གསལ་བྱེད་སུམ་ཅུའི་གཟུགས་རིས་མཚར་བོ་བགྲང་ལས་འདས་པའི་བསྐྱར་འབྲིའི་ཀློང་ནས་ཟད། དེ་བས་ཀྱང་མི་མགོ་སུམ་ཅུས་གྲུབ་པའི་སློབ་ཁང་གཅིག་ལ་དཔེ་ཆ་གཅིག་ལས་མེད་ཅིང་། ལས་བྱ་དང་རྒྱུགས་གཞིའི་ཐེངས་གྲངས་ཧ་ཅང་ཉུང་བའི་རྗེས་ལུས་ཀྱི་སློབ་གསོའི་རྣམ་པ་མུ་ནས་མུ་རུ་བསྐྱངས་ཏེ་གསེར་གྱི་དུས་ཚོད་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྔ་བོ་མ་རྡུང་བའི་ཡར་སྔོན་གྱི་རྒུད་འཁོགས་ཁྲོད་འཛགས་པ་ཡ་རེ་ང་། འོན་ཀྱང་མཚམས་དུས་ཤིག་ལ་མཐའ་ཡས་རྩྭ་ཐང་དང་ཞིང་ཐང་གྲུ་བཞིའི་ཉེ་རྒྱང་གང་རུང་དུ་གཡུ་འབྲུག་གི་གད་རྒྱངས་ལྟ་བུའི་སློབ་གསོ་གསར་བའི་འཕྲིན་བཟང་ཕྱོགས་མེད་བསྒྲགས་པས། མིག་ལ་འཚེར་བའི་སློབ་ཁྲིད་སྒྲིག་ཆས་དང་སྤུས་ལེགས་མདོག་མཛེས་ཀྱི་དཔེ་དེབ་སྣ་ཚོགས། ཚོད་ལྟའི་དཔྱད་ཆས་ཀྱི་མ་ལག་མང་པོ། ཉེར་མཁོའི་རྩལ་སྦྱང་གི་ཡོ་ཆས་ཇི་སྙེད་སོགས་རིམ་པ་རིམ་པར་སློབ་གྲྭའི་དཔལ་དུ་བསྩལ་བས་བང་མཛོད་བྱུར་བུར་གཏམས་པ་དང་གཉིས་སུ་མེད། འདི་ལྟར་སློབ་གསོའི་བཅོས་བསྒྱུར་གྱི་དུང་ཟླའི་འཛུམ་ཞལ་རིས་མེད་འཚེར་བ་ན། ཡིད་སྡུག་ཅིང་ཐབ་ཆག་པའི་མུན་ནག་གི་སློབ་གསོའི་བྱེད་ཕྱོགས་རྦད་དེ་སེལ་བ་དང་། བཅོས་བསྒྱུར་སློབ་གསོའི་སྣང་བའི་མཐུ་ཡིས་བཤེས་གཉེན་དམ་པའི་དཔེ་ཁྲིད་ཀྱི་དབྱངས་རྟ་སྙན་ཞིང་འཇེབས་ལ། སློབ་གྲོགས་རྣམ་པའི་དཔེ་ཀློག་གི་གདངས་འགྲོས་བྲག་ཅར་འཁྱིལ་ཞིང་ལྷང་ལྷང་མཆེད་པས་སློབ་ཕྲུག་དག་གི་ཁྱིམ་བདག་ཚོའི་མགུ་བཀང་ཞིང་ཐུགས་བདེ་ནས་གདོང་ཡོངས་སུ་འཛུམ་བརྒྱ་ལྷུག་པོར་གྲོལ་པའི་ཁར། ཡིད་ཀྱི་སྤྲོ་སྣང་རབ་ཏུ་བརྟས་འདུག
        ད་དུང་ཞིབ་འདང་རེ་བརྒྱབ་ན། དེ་དུས་ས་ཆ་སོ་སོའི་རྒྱུན་སྡོད་ཁང་བའི་བཟོ་བཀོད་འདྲ་མཚུངས་ཡིན་ལ། རྒྱུ་ཆ་ས་ཕག་ལས་གྲུབ་ཅིང་སྒལ་གཟེངས་ཅན་དང་གཅིག་ཐོག་ཅན་གྱི་ཁང་ཤར་དམའ་མོ་མ་གཏོགས་མིག་དབང་འཕྲོག་པའི་ཇུས་འགོད་ནི་ལྟ་ཅི།  ཡིན་ཡང་དུས་རབས་ཉེར་གཅིག་གི་དཔལ་ཡོན་མངོན་པར་ཤར་མ་ཐག  ཁང་གསར་རྒྱག་པའི་ལས་མགོ་བསླངས་ཏེ་གཅིག་ལས་གཅིག་ལྷག་གི་ཇུས་ལེགས་པའི་བཟོ་བཀོད་སྣ་ཚོགས་ཅན་གྱི་ཁང་བཟང་བ་གམ་མཐོན་པོ་ཚར་དུ་དངར་ཞིང་། ཁང་བའི་རྒྱུ་ཆའང་གསོམ་པ་དང་གྱོ་མག ཨར་འདམ། རྣོ་ལྕགས་བཅས་ཀྱིས་མཛེས་པར་སྤུད་པས་མིག་ལ་འཇེབས་ཤིང་རྒྱུ་སྤུས་ལེགས་སྙམ་པའི་ཡན་གར་བའི་ཉམས་སྣང་ཕུན་ཚོགས་སྟེར། འཛུགས་སྐྲུན་བཟང་བའི་དགེ་མཚན་འདིས་ཀྱང་མི་དམངས་མང་ཚོགས་ཀྱིས་ལོ་ངོ་དུ་མར་ཐིགས་པ་བསགས་པའི་རྒྱ་མཚོ་བཞིན་དཀའ་བ་བསགས་པའི་གྲུབ་འབྲས་ཡིད་དུ་འོང་བ་ཞིག་ཀུན་གྱི་མིག་གི་དགའ་ཚལ་དུ་བཤམས་པ་ཅིས་མ་ཡིན།
        གངས་རི་མཐོན་པོའི་ནི་དབུས། ཆུ་བོ་ཆེན་པོའི་ནི་མགོ ཡུལ་མཐོ་ས་གཙང་ཞེས་ཡུལ་གྲུ་གཞན་ལས་ཁྱད་པར་དུ་འཕགས་པའི་ཁ་བ་རི་བོའི་གནས་ཡུལ་འགངས་ཆེན་འདིར་གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བ་མང་པོ་ཡོད་ཅིང་མཚོ་ཆེན་གཡུ་ཡི་མེ་ལོང་ལྟ་བུ་བགྲང་ལས་འདས་ནའང་། མི་བུ་ལ་ལའི་བརྣབ་སེམས་ཀྱི་ཤུགས་ཀྱིས་ཧམ་པའི་ཁ་སྒོ་ཇེ་ཆེ་དང་འདོད་པའི་ངོ་ཚ་རིང་དུ་དོར་ནས་ས་རྐོ་རྡོ་སློག་དང་། ནགས་འཇོམས་ཤིང་གཏུབ། གཏེར་ཁ་གཏིང་སློག་ལ་སོགས་པའི་བྱ་སྤྱོད་ངན་པ་ཚད་ལས་འདས་པ་ཞིག་བསྒྲུབས་པས་དྭངས་གསལ་ཆུ་བོ་དུག་གིས་སྦགས་ཤིང་སྔོ་ལྗང་རྩྭ་ཐང་བྱེ་མས་རྒོལ་བ། ཚང་ཚིང་ནགས་ཚལ་གཅེར་རྗེན་དུ་བཏང་རྐྱེན། དྭངས་གཙང་མཁའ་དབུགས་དྲི་ངན་གྱིས་བསླད་ཅིང་རྩ་ཆེན་རི་སྐྱེས་སྲོག་ཆགས་སོགས་ཀྱི་ཁ་གྲངས་ཉུང་དུ་ཕྱིན་པས་སའི་བཅུད་ཉམས་ལ་མཛེས་ལྗོངས་ཀྱི་མདངས་ཤོར་བའི་སྐྱི་གཡའི་འཇིགས་ཉེན་ཞིག་ང་ཚོ་དང་བར་ཐག་ཉེ་རུ་བཅར། ཡིན་ན་ཡང་། སྐྱེ་ཁམས་དོ་མཉམ་དང་ཡུལ་སྐོར་ལྗོངས་རྒྱུའི་དོན་ལྡན་གྱི་གཟི་མདངས་ཤིག་ག་ས་གང་དུ་འཕྲོ་རིམ་འཕྲོར་ཤར་ཞིང་། དྲིལ་སྒྲོག་གི་དུང་ཆེན་བར་མེད་དུ་བུས་མཐར། ཉམས་པ་སླར་གསོའི་སྲུང་སྐྱོབ་ལེགས་བཅོས་ཀྱི་འཛུགས་སྐྲུན་ལས་གཞི་ཁད་ཀྱིས་འཕགས་ལ།  མ་ཉམས་གོང་སྤེལ་གྱི་ཡུལ་སྐོར་རིག་གནས་གཙིགས་སུ་འཛིན་པའི་མཚོ་རླབས་ཀྱང་དྲག་ཏུ་འཕྱུར།
        མེས་པོའི་བློ་གྲོས་ཀྱི་དྭངས་མ་ལས་འཁྲུངས་པའི་བཅུ་ཕྲག་རིག་གནས་གངས་ཅན་ལྗོངས་འདིར་སྔ་མོ་ནས་དར་ཁྱབ་བྱུང་ཡོད་མོད། འོན་ཏེ་བྱེ་བྲག་ནང་གསེས་ཀྱི་བཟོ་བ་རིག་པ་ལྟ་བུར་རྩ་བ་ཚུགས་ན་ཡང་འདབ་ལག་རྒྱས་པའི་སླར་གསོ་དང་གོང་སྤེལ་གྱི་དྲིལ་སྒྲོག་གི་ཚད་ཅུང་དམའ་ཞིང་ལག་ལེན་གྱི་འགྲོས་དལ་བའི་རྐྱེན་གྱིས་ཕྱི་ཕྱོགས་མི་རིགས་གཞན་དང་རྒྱལ་ཁབ་གཞན་པར་སྔོན་བྱོན་མཁས་ཆེན་དང་སྐྱེས་ཆེན་དམ་པའི་ཕྱག་རྗེས་རྙིང་བ་ལས་ངོམ་ཆོག་པའི་རྩ་ཆེན་རིག་གནས་གསར་བ་ཞིག་སྟོན་རྒྱུ་མེད་པའི་སྟོང་ཆ་ཆེན་པོ་ཞིག་ལུས་ཡོད།  ཡིན་ཡང་དུས་རབས་གསར་བར་གདོང་ཕྱོགས་ཏེ་གཞི་རྩའི་འཕེལ་རྒྱས་ཀྱི་ལས་གཞིའི་གཏམ་བཟང་གསང་མཐོར་བསྒྲགས་ནས་དམངས་ཁྲོད་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་དམངས་སྲོལ་རྨ་མེད་རིག་གནས་ལེགས་བཅོས་ཀྱི་གོམ་ཁ་བསྒྱུར་བ་ན། ལོ་རྒྱུས་ཀྱི་བྱུང་བ་དང་མི་སྣའི་རྣམ་ཐར། ཆོས་ལུགས་ཀྱི་དགོངས་པ། ཡུལ་སྲོལ་གོམས་འདྲིས། དམངས་ཁྲོད་གཏམ་རྒྱུད་སོགས་མཚོན་པའི་ཆབ་སྲིད་དང་དཔལ་འབྱོར། ལོ་རྒྱུས། རིག་རྩལ། སྤྱི་ཚོགས་འཚོ་བ་བཅས་འདུས་པའི་བོད་མིའི་ཤེས་རིག་དང་བློ་གྲོས་མཚོན་པའི་ཁྱད་ནོར་ཏེ། རྡོ་བརྐོས་སྒྱུ་རྩལ་དང་འཚེམ་དྲུབ་སྒྱུ་རྩལ། ཐང་གའི་སྒྱུ་རྩལ། འབག་བཟོའི་སྒྱུ་རྩལ་སོགས་གཟུགས་འདས་ཤུག་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་སྔོག་འདོན་དང་རྗེས་འཛིན་པ་གསོ་སྐྱོང་བྱས་ཏེ་ལས་རིགས་ལག་རྩལ་གྱི་ཕྱོགས་ཆེད་དམིགས་སྒོས་འཛིན་སྐྱོང་དར་སྤེལ་དང་ཁྱབ་བརྡལ་དུ་གཏོང་བའི་མཐུན་རྐྱེན་ལེགས་པོ་ཞིག་བསྩལ་བ་འདིས་ཀྱང་རིག་གནས་སྒྱུ་རྩལ་ཕྱི་ལ་དྲིལ་བསྒྲགས་དང་ཁྱབ་སྤེལ་བྱས་ཤིང་། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་བོད་དང་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པར་སྟབས་བདེ་བཟོས་ལ།  ཚོང་རའི་དཔལ་འབྱོར་གྱི་སྒོ་མོ་ཡང་ཧར་གྱིས་ཕྱེ་པ་སྨྲས་ཅི་འཚལ།
        མདོར་ན། ལོ་ངོ་དྲུག་ཅུའི་ཉིན་ཐོག་ཟླ་བརྩེགས་དང་ཟླ་ཐོག་ལོ་བརྩེགས་ཀྱི་དུས་ཡུན་རིང་མོའི་ཁྲོད་ངལ་རྩོལ་མི་དམངས་དང་ལས་རིགས་ཁག་གི་དཔའ་ཞིང་ལས་ལ་བརྩོན་པའི་སོ་སོའི་རྣམ་དཔྱོད་དང་བློ་གྲོས་ལ་བརྟེན་ནས་བློས་དཔག་དཀའ་བའི་མཛད་རྗེས་རྨད་དུ་བྱུང་པ་བསྐྲུན་པ་དང་། དུས་ད་ལྟའི་བར་དུ། མེད་པ་ནས་ཡོད་པ། ཡོད་པ་ནས་དར་སྤེལ་གྱི་སྲོལ་བཟང་རྒྱུན་འཛིན་བྱས་ཏེ་ལས་དོན་ཐད་ལ་གྲུབ་འབྲས་སྔར་ལས་ཆེན་པོ་འཐོབ་པ་རེད། 
        ད་ལྟ་ང་ཚོས་འདི་ལྟའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པས་འདོད་ཆུང་ཆོག་ཤེས་ཀྱི་བློ་སྐྱེས་པ་དང་ཡིད་ཚིམ་པའི་ང་རྒྱལ་གྱི་གླུ་གཞས་ལེན་ཚོད་གཏན་ནས་མིན་ཏེ། ད་དུང་སྔར་བྱས་བྱ་བའི་ཁྲོད་ཀྱི་ནོར་འཕྱུག་ཡོ་བསྲང་དང་མ་དག་ལེགས་བཅོས་བྱ་རྒྱུ་ནམ་ཡང་དོར་ག་ལ་ཉན། མུ་མཐུད་དུ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱས་ནས།  སླད་ཕྱིན་རྒྱུ་ནོར་ལོངས་སྤྱོད་དང་ཤེས་རིག་ལག་རྩལ་སོགས་དབྱར་མཚོ་རྒྱས་པ་ལྟར་ཆེས་སྔོན་ཐོན་གྱི་ཆུ་ཚད་དུ་བསྙེག་པར་འབད་འབུངས་དཔྱིས་ཕྱིན་པ་བྱེད་དགོས།
        ལོ་ངོ་འདི་དག་གི་རིང་ལ་ང་ཚོ་མི་དམངས་ཁྲི་ཕྲག་མང་པོས་གཉིད་བཅག་ཟས་བརྗེད་དང་ལུས་སྲོག་ཕངས་མེད་དུ་བཏང་ནས་ཉིན་མཚན་དབྱེར་མེད་དུ་བྱ་བ་སྒྲུབ་སྒྲུབ་པའི་མཐའ་མར་ཡར་སྔོན་གྱི་དབུལ་ཞིང་ཕོངས་པའི་རྣམ་པ་སྔ་ས་ནས་བསྒྱུར་བ་མ་ཟད། བདུད་རྩིའི་བུམ་བཟང་ལྟ་བུའི་ལམ་ལུགས་གསར་བ་བཙུགས་ཏེ། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་བཏང་བ་དང་། དཔལ་འབྱོར་ལམ་ལུགས་གསར་བར་བརྗེ་སྟེ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན། མང་མྱུར་ལེགས་བསྲི་བཅས་ཀྱི་སྒོ་ནས་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པའི་མཚོ་ལྷོ་གསར་བ་ཞིག་འཛུགས་སྐྲུན་བྱ་བར་གོམ་པའི་འདེགས་འཇོག་མཉམ་བསྒྱུར་བྱེད་དགོས་པའོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།