ནམ་ཟླ་དཔྱིད་ཀ་དང་སྣང་བ་ཐན་ཐུན།
ནམ་ཟླ་དཔྱིད་ཀ་དང་སྣང་བ་ཐན་ཐུན།
བོད་མོ་ཞིག་ལ་བྲིས།
བུམ་པ་རྒྱལ།
དྲན་དང་མ་དྲན་བར་ནས།།
ནམ་ཟླ་དཔྱིད་ཀ་སླེབས་སོང་།།
དྲན་པའི་སྒོ་མོ་གཏན་ཀྱང་།།
ཞལ་རས་འཛུམ་དཀར་མེ་ཏོག།
སྙིང་གི་དབུས་སུ་བཞད་ཡོང་།།
གསུང་དང་མ་གསུང་བར་ནས།།
ནམ་ཟླ་དཔྱིད་ཀ་སླེབས་སོང་།།
འདུན་པ་རྒྱང་ལ་གཏད་ཀྱང་།།
ཚིག་གསུམ་ལ་གཞས་སྙན་མོ།།
རྣ་བའི་བུ་གར་བཤགས་ཡོང་།།
ཐོས་དང་མ་ཐོས་བར་ནས།།
ནམ་ཟླ་དཔྱིད་ཀ་སླེབས་སོང་།།
མིག་མཐའ་ཆར་ཆུས་བརླན་ཡང་།།
གསུང་གི་ལང་ཚོའི་རང་སྒྲ།།
འོད་ཀྱི་མདངས་ལ་བྱོན་ཡོང་།།
སོང་དང་མ་སོང་བར་ནས།།
ནམ་ཟླ་དཔྱིད་ཀ་སླེབས་སོང་།།
རྐང་བ་སྒྲོག་ལ་ཚུད་ཀྱང་།།
སེམས་པ་སྤྲིན་གྱི་འདབ་མར།།
རླུང་གི་གཤོག་པ་ཐོགས་ཡོང་།།
རེག་དང་མ་རེག་བར་ནས།།
ནམ་ཟླ་དཔྱིད་ཀ་སླེབས་སོང་།།
ལུས་ལ་ན་བཟས་གཡོགས་ཀྱང་།།
སེམས་པའི་ཕྱི་ནང་གསང་གསུམ།།
ལག་པས་ལན་འགར་རེག་ཡོང་།།
འཁྱུད་དང་མ་འཁྱུད་བར་ནས།།
ནམ་ཟླ་དཔྱིད་ཀ་སླེབས་སོང་།།
འདོད་པའི་མེ་ལྕེ་བཅིལ་ཡང་།།
གཉིས་སྦྱོར་འཁྲིག་པའི་ལས་དེས།།
ཀླད་པའི་ཁུ་སིམ་དཀྲོགས་ཡོང་།།
སད་དང་མ་སད་བར་ནས།།
ནམ་ཟླ་དཔྱིད་ཀ་སླེབས་སོང་།།
ཕ་ཡུལ་མིག་ལ་མེད་ཀྱང་།།
སེམས་ཀྱི་འཁྲེང་ཞེན་དམར་པོ།།
གངས་ཅན་བོད་ལ་འཕུར་འགྲོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com