ཞི་བདེ་ཉི་མའི་སྙན་ངག་འདམས་བཀོད།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-28 09:02:00 ཀློག་གྲངས།:


ཁྱོད་ཀྱིས་ཁ་བ་གླེང་མཚམས་བཞག་ཟིན་ཟེར།

གོ་ཐོས་སུ    ཁྱོད་ཀྱིས་ཁ་བ་གླེང་མཚམས་བཞག་ཟིན་ཟེར།
དེ་ལ་དགོད་བྲོ་རྒྱུ་ཅི་ཡང་མེད། 
དུས་ཚོད་ནི་སྙིང་ཉེ་བའི་དྲག་ཆས་ཤ་སྟག་རེད།
ད་ནི་ཁྱོད་ཀྱིས་ལྷམ་ལེགས་པོ་གྱོན་དེ །
འགྲུལ་བཞུད་བྱེད་དགོས།
ཁ་བ་གླེང་བའི་མཚན་མོར།  
ཁྱོད་ཀྱིས་བུ་མོ་དེར་གླུ་གཞས་བཏངས་ཟིན།
ཡིན་ཡང་ བརྩེ་ཞེན་དང་མཛེས་སྡུག་གི་དགའ་སྟོན་ཅི་ཞིག་ཐོབ།
ཁ་བ་དེ་དུས་ཚིགས་གང་མང་ལ་གླེང་བས།
སེམས་གཅོང་དེ་དུས་རབས་འདི་ལ་ཕོག་པ་རེད།


ཁྱོད་ཚོའི་སྟོབས་ཤུགས་ཁྲོད།   
ངས་ཁྱོད་ལ་བརྟག་དཔྱད་ཐེངས་མང་བཏང་ཚེ།
ཁྱོད་དངོས་ནས་ཕ་ཡུལ་དུ་སྙུང་ཟིན།  
བུ་མོ་དེས་ཁྱོད་རང་སྐྱོབ་མི་སྲིད།
བུ་མོ་དེས་ཁྱོད་རང་སྐྱོབ་མི་སྲིད།
བུ་མོ་དེའི་མིག་ཟུང་གིས་ཁྱོད་ཀྱི་ཁ་ཕྱོགས་བསྒྱུར་མི་ཐུབ།


ཁྱོད་ཀྱིས་ཁ་བ་གླེང་མཚམས་བཞག་ཟིན་ཀྱང་།
ཁྱོད་ཀྱིས་ད་དུང་ལབ་གླེང་བྱེད་དགོས།
ཁ་བ་གླེང་མཚམས་སྔ་མོ་ནས་འཇོག་དགོས་ཀྱང་།
རི་དེ་དག   ཁ་བའི་ངོགས་སུ་ཤིན་ཏུ་བརླིང་བས།
ངས་ཁྱོད་ཚོར་འཚོ་སྟངས་མི་འགྲེལ་ཐབས་མེད་བྱུང་།


དངོས་ནས་    ངས་ས་ཆེན་སྟེང་རྫུན་གཏམ་སྨྲ་མི་སྲིད།
ཁྱོད་ལམ་ལ་བགྲོད་ཚེ།  
ལྷམ་གྱོན་དེ་ལབ་གླེང་བྱེད་དགོས།
ལབ་གླེང་བྱེད་དུས།  
ནམ་ཟླ་ཇེ་གྲང་ལ་འགྲོ་སྲིད་ལ།
སྐྱ་རེངས་ཀྱི་སྔ་རོལ་དུ།     
གླུ་ལེན་མཁན་ཤིན་ཏུ་མང་།


ཁ་བ་འབབ་མཚམས་འཇོག་དུས།
ང་ཚོས་ངོ་མཚར་བའི་ཁ་དོག་གང་མང་བཟོ་དགོས།
གོ་ཐོས་སུ་ཁྱོད་ཀྱིས་ཁ་བ་གླེང་མཚམས་བཞག་ཟིན་ལ།
ད་དུང་ལྷམ་ཡང་ཡག་པོ་ཞིག་གྱོན་སོང་ཟེར།
ལྷམ་གྱོན་པའི་བརྒྱུད་རིམ་མཐའ་དག 
ནོར་འཁྲུལ་དང་བདེན་ལུགས་ཀྱི་གཏམ་གླེང་འབའ་ཞིག་ཡིན།
ངས་རི་ཆེན་གྱི་སྤོ་བོ་ནས།    
གསེར་མདོག་ཁྱུར་མིད་བྱེད་ཐེངས་རེར།
ལུག་ཁྱུ་དེ་དག་གིས་ང་ལ་ཡིད་འཕྲེང་བས་མྱ་ངན་བྱེད་མི་སྲིད།
དངོས་ནས     ཁ་བ་གླེང་མཚམས་བཞག་དུས།
ང་དབུ་བརྙེས་བ་ཤ་སྟག་ཡིན།
1998.11.3ཉིན་བྲིས།


ལབ་གླེང་ཕྲན་བུ།

ཉེ་ལམ།  གླུ་ལེན་མཁན་ཤིན་ཏུ་མང་།
རང་ཉིད་ལ་གད་དར་བྱེད་མཁན་ཉུང་ཤས་རེད།
རི་བོ་འདིའི་ཡར་སྔོན་ལ།   ནགས་ཚལ་དེ་ཇི་ལྟར་རྫོབ་ལ།
འདབ་ཆགས་ཚོས་གྲགས་འགུལ་ཇི་ལྟར་བཟོས་པ།
ལབ་གླེང་ཁ་ཤས་ཀྱིས་སུན་འབྱིན་བྱེད་དཀའ།


ངས་མཐའ་གཅིག་ཏུ་བསམ་བློ་གཏོང་བཞིན་ཡོད།
ཁྱོད་ཀྱིས་ཀྱང་ཁུ་སིམ་མེར་བསམ་བློ་ཐོངས།
དེ་ནི།  ཉེ་ལམ་ཕ་ཡུལ་ལ་ཆེས་མཁོ་བའི་སྒྲ་གདངས་རེད།
རྟ་ལ་སྒ་བསྟད་པའི་གོ་རིམ་ཧྲིལ་བོ་ནི།
ང་ཚོས་མཁས་མཛངས་དུ་མར་མཐོང་།
བང་རྩལ་ངོམ་པའི་བཟོ་ལྟ་དེ།   ང་ལ་མཚོན་ན་སུན་སྣང་རེད།
ཁྱོད་ཀྱིས་ཀྱང་གླུ་གར་གྱི་འགྱིང་སྟབས་ཁྱེར་ནས།
རང་གི་གནས་མལ་ལ་ཚང་རྩིས་ཅི་ལ་རྒྱག


ད་ལོ་རི་སྒང་དུ་དར་ལྕོག་མང ་། ལུག་ཁྱུ་མང་།
ཐང་དཀར་རེ་གཉིས་ཀྱང་ཞི་དུལ་གྱིས་འཁོར།
རྫི་བོ་དག་གིས་བར་སྣང་ལ་འུར་ལྕག་གིས་གསལ་འདེབས་བྱེད།
དུས་དེར།  རླུང་རྟ་མང་བོའང་མེ་ཏོག་བཞིན་འབབ།
ཨ་མ་དང་སྒོ་ཁྱིས་གནམ་གཤིས་འགྱུར་ལྡོག་ལ་ལྟ།


ད་ལོ་ནམ་ཟླ་ཤིན་ཏུ་ལེགས་པས།
རི་སུལ་དང་སྒོ་འགྲམ་དུ་ལྗང་མྱུག་ཁ་ཤས་མཐོང་།
ཨ་ཕ་དག་སུན་སྣང་མེད་པར་གཡག་ལ་ཞོན་ཏེ།
གྲེ་འགྱུར་བདེ་མོས་བར་སྣང་དེ་ཁོད་ཇེ་ཡངས་སུ་བཏང་།


ནམ་མཁའ་རུ་སྤྲིན་པ་ལེབ་མོ་ཙམ་འདུག་པས།
རང་ཚོ་སྔ་མོ་ནས་ཡུལ་ལ་འགྲོ་དགོས།
ཀི་མ་བཏབ་སྔོན་ལ་ཆར་ཆུ་བབས་ཚེ།
དེ་ནི་ལྟས་བཟང་ཡིན་པ་སུས་ཀྱང་ཤེས་དཀའ།
གཡག་ལ་ཞོན་ནས་རྒྱང་རིང་ལ་སོང་ཚེ།
ཁྱོད་ཀྱིས་ཕ་ཡུལ་དྲན་མི་སྲིད།


འདི་ལྟར་ཕ་ཡུལ་དུ་ལབ་གླེང་བ་ཤིན་ཏུ་མང་།
དོན་དངོས་སྟེང་གནམ་གཤིས་འགྱུར་ལྡོག་ལ་འགྲེལ་མཁན།
མིག་སྔར་ཧ་ཅང་ཉུང་ཤས་རེད  དངོས་གནས་དེ་འདྲ་རེད།
ཁྱོད་ལ་ཡིད་ཆེས་ཡོད་ཚེ  ངའི་གླུ་ཁ་ཤས་ལ་ཉོན་དང་།
དེ་ཡིས་འོད་སྣང་ཕྲན་བུ་རེ་སྟེར་བར་གདོན་མི་ཟ།
2000.3.18ཉིན་རྨ་ལྷོ་ནས་བྲིས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།