ལྷ་མགོན་གྱི་སྨྱུག་རྩེར་བསྒྱུར་བའི་སྙན་ངག་ཚན་པ་འགའ།
མ་མི་མིན་མེད་ཀྱི་མི་གཤིས།
མ་མཐོང་མ་ཐོས་མ་མྱང་པས།།
མི་ཤེས་མི་གོ་མི་ནུས་ཀྱི།།
མི་ཡི་ཕུང་བོ་སྐམ་པོ་དེས།།
མང་ལ་ལགས་སོ་ལགས་སོ་ཟེར།།
མིག་མེད་རྣ་མེད་ཡུལ་ངེས་མེད།།
མེད་པ་དགུ་ཡིས་གྲུབ་པ་ཡི།།
མི་མིན་ལྷ་མིན་འདྲེ་མིན་ལ།།
མི་ལུས་རིན་ཆེན་འབོད་པ་མཚར།།
ཅན་ལྡན་མཁན་གྱི་བདག་པོ་ཡིས།།
མ་མི་མིན་མེད་རྒྱན་དུ་བཏགས།།
མི་ཡི་ཁྲོད་ན་མིང་ཙམ་ལས།།
མི་ཤིག་སྲོག་གི་རང་གཤིས་བྲལ།།
གྲོང་ཁྱེར་བ།
གྲོང་ཁྱེར་བ།
ཕ་ཡུལ་གྱི་རུམ་ཁ་ནས་འཕུར་ཏེ།
གྲོང་ཁྱེར་གྱི་དགུ་ཐོག་ལ་འབབ་དུས།
སྦྲ་ནག་གི་དྲོད་ཁོལ་མ་བརྗེད།
ཤ་ཁྲག་གི་ཕ་ས་དེ་ཡིན།
གྲོང་ཁྱེར་བ།
ཁྱེད་ཀྱིས་སྐྱིད་རང་གི་ཁྱེར་ནས་བུད་སོང་།
གཡང་ཨ་མར་བཞག་ནས་བུད་སོང་།
ད་སྐབས་ཁྱེད་ལ་རྒྱུ་ནོར་དང་འབྱོར་ཕྱུག
ངོ་སོ་དང་ཐོབ་ཐོང་། ཅི་ཡང་འཛོམ་ཡོད་ཟེར།
འཛོམ་གསུམ་འཛོམ་པའི་དུས་འདིར།
ཨ་མར་ཆུ་ལྭ་རེ་བསྐུར་རོགས།
ཁོ་མོས་ཁྱེད་ལ་མར་ལོ་གསོག་ཡོད།
གྲོང་ཁྱེར་བ།
ཁྱེད་ཀྱིས། ཤེལ་མིག་ནག་པོ་དེའི་ཕག་ན།
གང་ཞིག་ལ་ཧམ་སེམས་ཀྱིས་བལྟས་ཡོད།
ཕྱི་ལྭ་སྔོ་ནག་དེའི་ནང་ན།
སུ་ཞིག་ལ་ངན་སེམས་ཀྱིས་སྒུག་ཡོད།
ཕ་སྐད་ཀྱི་བྲོ་ཁ་ཚལ་བར་གཤགས་ནས།
སུ་ཞིག་གི་འདོད་བློ་བསྐུང་ཡོད།
གྲོང་ཁྱེར་བ།
ཁྱེད་དང་ཕ་ཡུལ་གྱི་བར་ན།
ནང་ཁོག་མི་ལོན་པའི་གསང་བ་ཞིག་ཡོད་དམ།
མཐུན་སྡེབ་མི་ཐུབ་པའི་བར་ཐག་ཅིག་ཡོད།
"མེ་ལོང་འགྱུར་བ་མིན་ན"
ངོ་མ"གཟུགས་བརྙན་འགྱུར་འདུག"
ན་ཆུང་རྩེད་ར།
ཟུར་མིག་དང་འཛུམ་ཆུང་གིས་གཏམས་པའི་རུ་སྡེ་ཁྲ་མོ།
བརྩེ་དུང་གི་རྒུམ་ཆང་བཏུང་སའི་ཆང་ཁང་ཡིན་ནམ།
ཞེ་འདང་གི་ཟབ་ཚད་གླེང་སའི་རྩེད་ར་ཡིན།
རོགས་ཆུང་ལོ་མེ་ཏོག་བཞིན་བཞད་པའི་སྡེ་ཆེན་པོ།
ན་ཟླ་ཚོའི་ཤ་དྲོད་ཀྱི་འཇམ་ཤ་གླན་སའི་མལ་ས་ཡིན།
གནས་འདི་ན་ཆ་ཡོད་པའི་རོགས་ཤིག་མེད་ཀྱང་།
ཁ་ཚིག་གསུམ་བཤད་ན་ཆ་ཡོད་ཡིན།
གནས་འདི་ནས་རྩེད་མགོ་བརྩམས་ཆོག་ལ།
གནས་འདི་ནས་འགྲོགས་རྔ་བསྐྱངས་ཆོག
གནས་འདི་ན་རང་དབང་གི་གདམ་གསེས་ཡོད།
ན་ཆུང་རྩེད་ར། དྲན་ཤིང་གིས་ལུས་པའི་ནེའུ་གསིང་དྭངས་མོ།
སྟག་ཤར་ཚོ། བག་ཡངས་སུ་རྒྱུ་ཆོག་པའི་གདེངས་ཚོད་ཡོད་ལ།
སྨན་ཤར་ཚོ། ཉམས་ཆུང་གིས་འཛུལ་སའི་མི་ཁ་ཡོད།
བརྩེ་དུང་གི་གཏིང་སར་ལྷུང་བའི་ཞེ་མཐུན་ཚོ།
ན་ཆུང་རྩེད་རའི་གནས་མལ་ནས་བཟི་དྲགས་པས།
སྡེ་ཆེན་པོའི་སྡེ་མཐའ་མཐོང་ངམ།
ས་སྲོས་ཀྱི་དྲན་གླུ།
རྟ་ལྗང་གཞོན་ནུས་འོད་ཟེར་བསྡུ་བཞིན་ཆུ་ལྷའི་ཞིང་ལ་དལ་གྱིས་བཞུད༎
དྲི་བཞོན་འཇམ་པོས་སྡོང་ལོ་སྒུལ་བཞིན་འཛིན་མའི་ཁྱོན་ལ་ལྷོད་ཀྱིས་འཁྱམས༎
ཉལ་འགྲོ་བུ་མོས་སྐྱོ་གླུ་ལེན་བཞིན་གྲོག་རོང་འགྲིམས་སྟེ་ཤང་ཤང་བཞུར༎
ཁོ་བོའི་སེམས་པ་རླུང་བུའི་ཟོལ་གྱིས་མཛའ་མོའི་མལ་ལ་དབང་མེད་ཤོར༎
ལ་ལུང་འཐོར་བའི་གཡང་དཀར་ལུག་ཁྱུས་བསིལ་རྩ་ཟ་བཞིན་ལྷས་ལ་འཁོར༎
ལང་ལོང་རྒྱུ་བའི་དུ་ཞགས་རིང་མོས་སྤང་ཐང་ཡངས་བོར་བྱིལ་བྱིལ་བཏང་༎
བཞོ་ཟེའུ་བཟུང་བའི་ན་ཆུང་བུ་མོས་འཇོ་དབྱངས་སྙན་མོ་ལྷང་ལྷང་འགུགས༎
ཁོ་བོའི་མིག་ཟུང་མདའ་མོའི་ཟོལ་གྱིས་སྙིང་སྡུག་འབེན་ལ་ངང་གིས་ཕོགས༎
མཚམས་སྤྲིན་དམར་བོ་བརྩེ་དགས་འཁྱུད་པའི་ལྷུན་སྡུག་རི་བོའི་གསེར་ཞྭ་མནབས༎
གཤོག་འགྱུ་མཉེན་པའི་བྱ་དང་བྱེའུས་སྐྱོ་ངལ་ཁུར་ཏེ་ཚང་མལ་བསྙེགས༎
ནེམ་ལྗང་གཡུ་ལོས་སྡུག་ཡུས་མ་ནོན་མགོ་བོ་སྨད་དེ་ཆུ་ཐིགས་སྦྲུམ༎
ཁོ་བོས་སེམས་པར་དགའ་ལོ་རུམ་སྟེ་གོམ་ཁ་འཁྱོར་བཞིན་རྒྱང་འབུད་བཏང་༎
ཟང་ཟིང་ལས་འཕྲོ་གནང་ལ་བསྐྱུར་ཏེ་ས་ཆེན་ཡངས་པོའི་ལྷིང་འཇགས་སྒོམ༎
ལྷས་ཀྱི་བདེ་འཇགས་ཁུར་དུ་ལྕི་བའི་སྒོ་ཁྱི་བཙན་པོས་བྱ་ར་མཛད༎
ཕྲེང་བར་བརྒྱུས་པའི་ས་སྲོས་མུ་ཏིག་སྲིད་པའི་མགུལ་ན་སྟར་ཐེངས་རེར༎
དྲན་གླུའི་མེ་ཏོག་ཆར་དུ་བསྙིལ་བའི་ཉིན་ཞག་བསྐལ་མཐར་བགྲང་ནུས་མིན༎
རྟ་འདོ་བ།
རྟ་འདོ་བ། ཆུ་དྭངས་མོ་ཞིག་གི་མགོ་ཁུངས་ན།
རྩྭ་འཇམ་པོ་ཞིག་གི་གདན་སྟེང་ན།
འཚེར་སྐདལྷང་ལྷང་དུ་སྒྲོག་ཅིང་རྔོག་ཆུང་ལྡེམ་ལྡེམ་དུ་གཡོ།
རྟ་འདོ་བ། ས་ཐག་རིང་ཞིག་གི་ལམ་སྣེ་ན།
ལྕག་བཙན་པོ་ཞིག་གི་དབང་འོག་ན།
ས་རྡུལ་ལང་ལོང་དུ་གཙུབ་ཅིང་གོམ་སྒྲ་ཐག་ཐག་གིས་མཆེད།
རྟ་འདོ་བ། སྡེ་ཕྲ་མོ་ཞིག་གི་སྡེ་མཐའ་ན།
སྟག་ཤ་ར་ཞིག་གི་དཔུང་རོགས་ན།
གོམ་ལག་སྒེག་འགྲོས་ཀྱིས་ངོམ་ཅིང་སྒ་སྲབ་རྒྱན་ཆ་རུ་མཛེས།
- 
							暂无相关信息roking						
 
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com





										
										
										
										
                                        
                                        
                                        
                                        
                                        
										
青公网安备63252102000006号