ཕ་ཡུལ་འབྲོག་སྡེ།
ཕ་ཡུལ་འབྲོག་སྡེ།
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་། གཡང་འབུམ་ཚེ་རིང་།
ཨི་ཨི་འཛམ་གླིང་ལྟེ་བའི་གངས་ལྗོངས་ཀྱི་དབུས་ན།།
ཨུ་ཨུ་སྐྱིད་པའི་མེ་ཏོག་བཞད་ལྡན་གྱི་འབྲོག་ཡུལ།།
ཨེ་ཨེ་དཀར་ནག་ཕྱུགས་ཟོག་བང་རྩལ་ལ་འགྲན་པའི།།
ཨོ་ཨོ་ཕ་ཡུལ་འབྲོག་སྡེར་ཟླ་བོ་ཞིག་འཁུམ་མམ།།
ཀི་བསཱོ་ལྷ་རྒྱལ་གནམ་སའི་སྟེང་འོག་ནི་བརྗེ་དུས།།
ཁུ་སུམ་དུང་གདན་བཏིང་བའི་ཁ་སང་གི་ཉིན་མོར།།
གེ་སར་དྲི་བསུང་ཞིམ་པོས་འདང་བརྩི་ཞིག་བྱུགས་ཏེ།།
ངོ་ཤ་དམར་མདངས་ཆགས་ནས་གསོན་ཤུགས་ཤིག་རྒྱས་ཐལ།།
ཅི་ཞིག་ཡིན་ནམ་ཅུང་ཙམ་དགའ་བདེ་ཡིས་མྱོས་ཤིང་།།
ཆུ་ཚད་མི་དམན་སྤོབས་པས་ཅུང་ཙམ་ཞིག་རྒྱལ་ནས།།
ཇེ་ངན་གཤིས་སྤྱོད་དོར་བའི་ཕ་ཡུལ་གྱི་མི་རྣམས།།
ཉོ་ཚོང་ཚོང་ལས་ཕྱོགས་ནས་ཕམ་རྒྱུ་ཞིག་མི་འདུག།
ཏི་སེའི་འགྲན་ཡར་ཆས་པའི་སེ་ཆེན་གྱི་རྫ་ནས།།
ཐུ་ལུ་ལུ་ཡི་ན་བུན་གཞི་བདག་གི་ཕེབས་ཡ།།
དེ་མ་ཐག་ཏུ་མུ་མེད་སྤང་ཐང་ལ་སླེབས་ཤིང་།།
ནོམ་པ་སྤང་གི་ས་བོན་རྩྭ་་ཐང་ལ་བཏབ་ཡོང་།།
པི་པི་ཁུ་བྱུག་གསུང་སྙན་རྒྱ་རྫོང་ནས་གྲགས་ཤིང་།།
ཕུ་ནུ་མིང་སྲིང་མེ་ཏོག་སྐྱེད་ཚལ་ན་བཞད་པའི།།
བེ་རག་རིག་སློབ་གཞོན་ནུ་འཛུམ་མདངས་ཀྱིས་ཕྱུག་ཅིང་།།
མོ་གཤམ་གླེན་པའི་ཚོགས་རྣམས་ཕ་མཐའ་རུ་སྤྲད་འདུག།
ཙི་ཏ་ངན་པ་འཕར་ནས་རང་གཞན་གཉིས་ཕུང་མཁན།།
ཚུ་རི་འདི་ན་གཤིས་ངན་སྤྱོད་ངན་དང་བྲལ་བ།།
འཛེང་རྡོ་ལྟ་བུའི་ཨུ་ཚུགས་ཞེ་གྱོང་གི་རིགས་རྣམས།།
ཝོ་བརྒྱལ་བཟོས་ན་ཁོག་རྒྱ་ཡངས་མིན་དེས་འབྱེད་ཐུབ།།
ཞི་དུལ་ཞི་འཇམ་ཞི་བདེ་མི་གཞི་རུ་གྲུབ་ཅིང་།།
ཟུན་གྲོགས་ཉེ་རིང་མེད་པ་མགྲིན་གཅིག་ཏུ་འཁུམས་འདུག།
འེ་ཅག་ཁྱེད་ཅག་ཅེས་པའི་ལྟ་ཚུལ་དེ་མེད་པར།།
ཡོ་འཁྱོག་བསམ་ངན་དོར་བའང་གཅིག་ཏུ་འཁུམས་འདུག།
རི་ལུང་ཐང་གསུམ་དུང་མདོག་ཁ་བ་ཡིས་གཡོགས་ཤིང་།།
ལུ་གུའི་བཟོ་ལྟ་འཆིང་བའི་སྙིང་རྗེ་ཡི་ཕྱུགས་ཟོག།
ཤེ་ཟད་ཟུངས་ཉམས་མདངས་ཀྱིས་ཉམས་ཆུང་དུ་སྡོད་དུས།།
སོ་སྒྲ་འཆའ་བའི་ངང་ཚུལ་མཐོང་བས་ན་བཟོད་དཀའ།།
ཧི་མ་ལ་ཡི་བྱང་རྒྱུད་མུ་མེད་ཀྱི་སྐྱེད་ཚལ།།
ཨུ་རྒྱན་པདྨ་འབྱོན་སའི་གངས་ལྗོངས་ཀྱི་བཞིན་ནས།།
ཧེ་ཧེས་ཁེངས་བའི་གཅན་ཚའི་དབྱར་དུས་ཀྱི་རྣམ་པར།།
ཨོ་ཨོ་འགྲན་པར་ནུས་པའི་ཡུལ་གྲུ་ཞིག་ཡོད་དམ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com