དགའ་ལྡན་ལྔ་མཆོད་ཉིན། ངས་སྦི་རག་གི་གྲངས་ཀ་ཧུར་གྱིས་འགེམས།

རྩོམ་པ་པོ།:འབའ་ཚེ་སྨྱོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-21 15:23:00 ཀློག་གྲངས།:

དགའ་ལྡན་ལྔ་མཆོད་ཉིན།  ངས་སྦི་རག་གི་གྲངས་ཀ་ཧུར་གྱིས་འགེམས།
                             --དགའ་ལྡན་ལྔ་མཆོད་དང་འབྲེལ་བའི་སེམས་འགྱུ་ཐན་ཐུན།
                                                       འབའ་ཚེ་སྨྱོན།

དགའ་ལྡན་ལྔ་མཆོད་ཉིན།  ངས་རང་ཉིད་ལ་དབང་བའི་སྨོན་འདུན་ཡོད་ཚད།
ཁ་བའི་མེ་ཏོག་གི་སྦི་རག་དམ་བུ་གང་གི་སྐེ་ལ་འཆིང་བཞིན།
སེམས་ཁྲལ་མ་ཡིན་པའི་སེམས་ཁྲལ་ཞིག
རི་གྲོང་འདིའི་རྫ་ཁའི་གསོམ་སྡོང་རེ་རེའི་རྩེ་མོར་བླུགས།
རྗེ་ཙོང་ཁ་བ་ལགས།  བྱིན་གྱིས་རློབས་པར་མཛོད་ཅིག
 

དགའ་ལྡན་ལྔ་མཆོད་ཉིན།  ངས་འགེམ་བཞིན་པའི་སྦི་རག་གི་དམ་བུ་གཉིས་ཀྱི་མགུལ་དུ།
ཁ་བཏགས་དཀར་པོ་ཡུག་གཅིག་གིས་བསྒྲིལ་ཏེ། མ་འོངས་པའི་ཁོ་མོའི་སླད་དུ།
འཇིག་རྟེན་གཉིས་ཀྱི་འགྲམ་ངོགས་སུ།  ཡོད་སྲིད་པའི་གསང་བ་དག
སྤྲིན་པ་ལེབ་མོ་ཞིག་གི་པང་དུ་བླུགས་ཏེ།  རྒྱལ་མོ་རྔུལ་ཆུའི་རླབས་འགྲོས་ལ་བསྐུར།
ས་ཆེན་འདིའི་ཁུག་སོ་རེ་རེ་ན་རྒྱ་སེའི་མེ་ཏོག་གི་མཆོད་པ་སྟོང་གི་ས་བོན་སྨིན་པར།
རྗེ་ཙོང་ཁ་བ་ལགས། ཐུགས་རྗེའི་སྤྱན་གྱིས་གཟིགས་རོགས།

 

དགའ་ལྡན་ལྔ་མཆོད་ཉིན།  ངས་སྦི་རག་གི་ཏུའུ་གྲངས་འགེམ་བཞིན།
ཏུའུ་གྲངས་ཀྱིས་བཟི་བའི་སྦི་རག་གི་དམ་བུ་གསུམ་ལ།
ཚེ་འབར་རྐོང་བུ་གསུམ་གྱི་ཡིད་ཆེས་མིད་ཀྱིན།
མཆོད་པ་ཁྲི་ཡི་རྩེ་མོར་བཞུགས་པའི་རྗེ་ཙོང་ཁ་བ་ཆེན་མོར།
འདས་མ་ད་གསུམ་གྱི་ས་ཆེན་འདིར།  སྲིད་འབྱོར་རིག་གསུམ་གྱི་སྒོ་མོ་ཆེ་རུ་ཕྱེ་བར།
སྨོན་ལམ་ཡང་ཡང་འདེབས་བཞིན་ཡོད།

 

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
སྦི་རག་གི་བྲང་གཞུང་དུ་བཞུར་གྱིན་པའི་གསོལ་འདེབས་འདིས།
སྐྱེ་རྒུའི་ལོག་རྟོགས་དང་མ་རིག་གི་རྨོངས་པ།  རྦད་དེ་གཅོད་ཅིང་།
དཔྱིད་དཔལ་བསུ་བའི་དབྱངས་རྟ་གསར་བ་ཞིག
གངས་རིའི་ཁོང་གསེང་དུ་བརྡོལ་ཏེ།  ཀུན་གྱི་སེམས་ཁོང་དུ་སྨིན་པར།
སྨྱོན་པ་ངས། ལྷོ་རོང་ཡུལ་དུ་སྨོན་འདུན་ཁྲི་ཕྲག་གི་རླུང་རྟ།
ཡང་ཡང་དགུང་དུ་སྤུར་གྱིན་ཡོད།

2012ལོའི་ཟླ12པའི་ཚེས8ཉིན་གྱི་མཚན་མོར་ཆབ་མདོའི་ལྷོ་རོང་དུ།

 

རི་གྲོང་གི་རེག་ཟིག་ཟུར་ཁ་ཅན།

        མཁའ་དབྱིངས་ན་རྒྱུ་བའི་སྤྲིན་པ་དེའི་ཁ་དོག་གི་སེམས་པ་ལས། ལྷོད་ཀྱིས་བབས་ཤིང་རྩྭ་ཐང་ན་འཁྱིལ་བའི་ཁུ་བྱུག་ཅིག་གི་རེ་སྨོན་དེས། ངའི་སེམས་ལྗོངས་སུ་སྔོ་ལྗང་དང་རྨ་ཁ་གཉིས་དུས་གཅིག་ཏུ་སྨིན། དུས་ཚོད་ཀྱི་འབོད་སྐུལ་གྱིས་ཁ་བ་དང་ཁུ་བྱུག་གཉིས་ལྷན་དུ་རྒྱུ་བའི་ཁ་སང་གི་དེ་རིང་དུས་འདིར་ཁྱོད་ཀྱི་བརྩེ་བ་ཡི་བར་གསེང་ན། སྤྱང་ཀི་གང་དེའི་རྐང་རྗེས་ལས་རྙེད་པའི་ལོ་རྒྱུས་ཤིག་གི་གོམ་འགྲོས་ལྕི་མོའི་ངུ་སྒྲ  སྐར་མ་ལས་ལྷུང་བའི་སྤང་ལྗོངས་སུ་ཧོལ་གྱིས་རྒྱུགས་དུས།  དེ་ནི་རེ་སྒུག་གིས་སྒུལ་བའི་མི་ཆེན་གང་དེའི་འབེལ་གཏམ་ཡིན་ནམ་མྱུ་གུ་གང་གི་སྐྱེས་སྟོབས་ཀྱི་དགོས་སྒྲའི་ཁྲོད་ཀྱི་རྨི་ལམ་གྱི་རྐང་པ་ལགས།

        རྩྭ་ཐང་དུ་རལ་བའི་མེ་ལྕེའི་འཕུར་སྐྱོད་ཅིག་གི་འབོད་སྒྲས་བཟི་བའི་ཕ་བོང་གང་གི་གས་ཁ་ལས། ཁྱོད་ཀྱི་མདུན་ལྗོངས་བརྙན་འཕྲིན་ཁང་གི་ལྟག་རྒྱབ་ན་ཧུར་གྱིས་འགུལ།  ཁྱོད་ཀྱི་མིང་ནས་འབོད་མཁན་དེའང་སེམས་པ་ཞིག་གི་ལོ་ཏོག་གི་སྙེ་མའི་སྦུགས་སུ་འཚང་བའི་མཁའ་དབྱིངས་ལྷག་མ་ཞིག་ལགས།

        དུང་ལྟར་གྲགས་པའི་ཁ་བའི་རྐྱང་བྲོ་ཞིག་དང་འགུལ་རིས་བརྙན་ཐུང་ལས། ཐོག་ལྟར་ལྷུང་བའི་རླུང་བུ་ལྡོམ་པོ་ཞིག  མིག་ཤེལ་མཐུག་པོ་ཞིག་གི་ལྗི་ཚད་འདེགས་བཞིན་གངས་ཁྲོད་ཀྱི་ཁ་བའི་འགྱུར་ཁུག་ལ་དྲན་པ་གླན་དུས། དེ་ནི་གཟི་བརྗིད་ཀྱིས་བཟི་བའི་སྦི་རག་དམ་བུ་གང་གི་ཁ་ཕོ་ལས་ལྷུག་ལྷུག་གིས་འདར་བའི་སྐལ་བཟང་མེ་ཏོག་ཅིག་དང་གངས་ལྷ་མེ་ཏོག་ཅིག་ལས་མཆེད་པའི་ལོ་རྒྱུས་ཀྱི་གླགས་བམ་ཧྲལ་ཧྲིལ་ཞིག་གི་མཆུ་མས་བརླན་པའི་ཏན་རྟགས་རྣལ་མ་ལགས།

        ད་ལྟ་བོང་རྒན་སྐྱ་ལེ་ཞིག་གི་རྣ་རྩར་འཕུར་བའི་སྦྲང་མའི་དགོད་སྒྲ་ལས་བཞུར་བའི་རྐང་པ་དང་རྣ་བ་སོགས། འགྱུར་ཁུགས་ཀྱིས་དབེན་པའི་རི་གྲོང་གི་གདོང་ལ་ཁ་བ་ལྟར་ལྷུང་ན། ཁྭ་ཏ་གང་དེའི་ངོ་གདོང་ལ་མེ་ཏོག་གི་བདེ་སྐྱིད་ཅིག་ཤུགས་ཀྱིས་འཁོར་ཏེ་ང་ཡི་སེམས་ཁོང་བརྒྱུད་གངས་ཁྲོད་ཀྱི་མེ་ཏོག་ཅིག་གི་སྙིང་ཁར་འཐུམ།

        རི་གྲོང་དུ་སྐྱེ་པའི་རྩྭ་ཕྲན་ཞིག་གི་རྒྱབ་གཟུགས་ལས། ངས་ཕ་ཡུལ་གྱི་ངོ་གདོང་ལྷག་མ་ཞིག་རྒྱལ་མོ་རྔུལ་ཆུའི་སྒལ་ཚིགས་བརྒྱུད་དེ་དྲན་པའི་གཏིང་རིམ་ཞིག་ཏུ་འགུལ་གྱིན་པ་མཐོང་བྱུང་། མེ་ཐབ་ལས་ལྕིག་ལྕིག་གིས་སྒུལ་བའི་རེ་གཞག་གི་རླུང་རྟ་དེས། འཇའ་ཚོན་གྱི་རྐང་པ་ཡ་གཅིག་ལ་བརྟེན་ནས་རི་སྒང་གི་ཤིང་ཁང་དེའི་རུམ་དུ་ཉམས་ཆུང་གིས་འཚོ།  ངས་ཀྱང་ཅི་སྙམ་པར་ལག་ཟུང་གློག་ཀླད་སྒང་ལ་བཞག་སྟེ་སེམས་ཁོང་གི་ཆུ་བོ་དག་དགུ་ཚིགས་ཀྱི་ངོགས་སུ་སོར་མོའི་རྩེ་རུ་བླངས་ཏེ་ཤོག་ངོས་སུ་སྐྱུག་དགོས་བྱུང་།

2012ལོའི་ཟླ12པའི་ཚེས6ཉིན་བོད་ལྗོངས་ལྷོ་རོང་དུ།

 

སྨྱོན་པའི་རེག་ཟིག་ཁ་ཚ་མ།

        ཉི་འོད་ཀྱི་འོག་ཏུ་སྒམ་དཀྱེལ་དུ་ཉལ་བའི་སྤྲིན་པ་ལེབ་མོ་ཞིག  སེམས་སུ་འཇའ་ཚོན་ལས་བརྒལ་བའི་ཁ་དོག་ཞིག་གི་རྐང་ལག་སྒོམ་གྱིན་གྲགས་བཞིན་པའི་འགྱུར་ཁུགས་ཀྱིས་སྟོང་བའི་རྙིང་རལ་གྱི་རོལ་ཆའི་ཆུ་མོར་རྐྱལ་ཏེ་མཁའ་དབྱིངས་འདིའི་མཐོངས་སུ་འགུལ་གྱིན་འདུག  ཁྱོད་ཀྱི་དྲན་གཞུང་དུ་འཆར་སྲིད་པའང་སྲིད་པ་ལས་བརྒལ་བའི་གཏམ་རྒྱུད་ཅིག་གི་སྐྱུག་བྲོ་བའི་འགུལ་རས་བརྙན་འཕྲིན་ལྷག་མ་ལས་མི་འདའ་བ་དེའོ།།
        སྲིད་པའི་ས་ཆགས་པ་ནས་ཁྭ་ཏ་གང་གིས་ཞོགས་པ་གང་དེའི་སྨྲ་ལྕེ་ཡི་སྒོ་མོ་རྦད་དེ་བཅད་པ་ནས་རི་བྲག་གི་ཧབ་ཆའི་མཚམས་ཆད་མ་མྱོང་ལ།  སྦི་རག་དམ་བུ་གང་གི་བཟི་ཁ་ལས་ཤོར་བའི་ཁ་དམ་ཚིག་གི་མདུད་རྒྱའི་རླངས་པའང་རི་སྡེ་ཆུང་ཆུང་འདི་ལས་རིང་དུ་གྱེས་ཏེ་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཚོ་ཁ་ཤས་ཀྱི་མཁའ་ན་འཕུར་གྱིན་འདུག  ངས་ཀྱང་ཅི་མི་སྙམ་པར་སྦི་རག་འགའི་དམ་བུ་འགེམ་རྒྱུ་ལས་ཐབས་གཞན་ཅི་ཡང་དྲན་མ་བྱུང་། སྦི་རག་གིས་བརྩིགས་པའི་ངའི་བྲང་གཞུང་དུ་བཏུང་ཟིན་པའི་“པེ་ཙི་”འགའི་བཟི་གཏམ་ལས་སེམས་གཏམ་དྲོན་མོ་ཞིག་གི་རོལ་དབྱངས་ཀྱི་འགྱུར་ཁུགས་ཀྱང་དབེན་པར་གྱུར། 
        རྡོ་ཆག་གིས་ཁེངས་པའི་གཞུང་ལམ་གྱི་དཀྱིལ་དབུས་སུ་བཞད་པའི་སེར་ཆེན་མེ་ཏོག་རྐང་གཅིག  ཡུལ་འདིའི་ལྷང་འཇགས་དཀྲོག་མཁན་གྱི་མཐོང་ལམ་ན་རྒྱུ་བཞིན་པའི་ཁྭ་ཏ་ཟུང་།  བདེན་རྫུན་གྱི་ཁོང་གསེང་ན་ལྷགས་རླུང་གིས་ཟད་ཀྱིན་པའི་རྣམ་ཤེས་ཚོགས་ལ་ལམ་སྟོན་གྱི་སྒྲོན་མེ་གཞན་ཞིག་གི་སེམས་པས་བསྒྲིབས།
        ད་ལྟ་ངའི་ཉེ་འཁོར་ན་ལྷོད་ཀྱིས་འཁྱིལ་བའི་སྐྱག་སྦྲང་དང་རྒྱུགས་ཁྱི། ཤུགས་ཀྱིས་འཚོ་བའི་ས་སྒང་འདིའི་ད་བྱིད་ཀྱིས་ཕྲག་དོག་དང་རང་རློམ་ཤུགས་ཀྱིས་མིད་ཀྱིན་རང་ཉིད་ངོ་མ་ཞིག་སྒལ་ཚིགས་ཀྱི་རི་སྒང་བརྒྱུད་ཁ་སྣ་སོགས་ལས་ཤམ་ཤམ་དུ་རྣག་ཁྲག་གིས་བཞུར། སྐམ་བཞིན་པའི་ཤིང་སྡོང་ལ་འོད་ཀྱིས་སྟོང་བའི་རེ་བའི་མིག་ཟུང་གངས་ཁྲོད་ཀྱི་ས་ལྷག་འདིར་རིམ་གྱིས་ཉམས་བཞིན་གདའ། མི་བུ་ཞིག་གི་ལས་དོན་ལས་ལྷག་པའི་སྐྱུག་བྲོ་བའི་དགོད་གཏམ་ཞིག་ལ་ཡིད་ཆེས་གླན་ཏེ། རི་གྲོང་འདིའི་རི་ཟོམ་རེ་རེ་ན་ཆུ་མོ་བཞིན་གང་སར་བརྡོལ། ཚེར་སིལ་སྐྱ་བོ་ཞིག་གི་མགོ་སྟེང་ན་རྒྱུགས་བཞིན་པའི་ནམ་མཁའ་ཐེད་པོ་དེའང་ཁྲོམ་སྲང་དུ་རྒྱུ་བའི་གླང་ཆེན་སྨྱོན་པ་བཞིན་ཁོ་བོའི་སེམས་དཀྱིལ་དུ་འཛུལ་གྱིན་འདུག
        གླུ་སྐད་སྐྱ་བོ་ཞིག་གི་རྐེད་པར་ཞོན་པའི་ཁ་བའི་མཚན་མོའང་དབྱར་རྩྭ་དགུན་འབུ་ཞིག་གི་མགུལ་དུ་འཆིང་བཞིན་ལྷགས་རླུང་གི་ཁ་པར་རྐྱང་རྐྱང་ཞིག་ལ་མི་ལ་ཙི་ཙི་ཡི་གཏམ་རྒྱུད་གང་མང་མི་རོ་རྩེ་སྒྲུང་བཞིན་མགྲིན་པ་ལས་ལྷོག་ལྷོག་གིས་སྐྱུག ཅི་མི་སྙམ་པའི་ཡིད་ཆེས་དེས་རྨི་ལམ་ཞིག་གི་གཏམ་རྒྱུད་ལ་མཇུག་བྱང་གི་བསྡོམས་ཚིག་འགོད་བཞིན་གློག་ཀླད་ཀྱི་ངོས་སུ་ཆུ་མོ་བཞིན་ཤམ་ཤམ་བཞུར།

2012ལོའི་ཟླ12པའི་ཚེས18ཉིན་ལྷོ་རོང་དུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།