ཨ་མ་དང་འབྲེལ་བའི་ཁོ་མོའི་གཏམ་རྒྱུད་ཅེས་པའི་ལྷུག་རྩོམ།
ཨ་མ་དང་འབྲེལ་བའི་ཁོ་མོའི་གཏམ་རྒྱུད།
རྣམ་གླིང་རིན་ཆེན། གཞིས་ཀ་རྩེ།
མཁའ་མཐའ་ན་མེ་སྟག་བཞིན་ལྷམ་མེར་འཚེར་བའི་མཚམས་སྤྲིན་གྱི་བུ་མོ་དེ། ནུབ་ཁའི་ཉིན་བྱེད་གཞོན་ནུ་དང་འགྲོགས་ནས་དལ་བ་དལ་བུར་ཆུ་ལྷའི་ཞིང་ཁམས་སུ་ཏིང་འཛིན་བདེ་བའི་གཉིད་ལ་བྲེལ་ནས་བུད་སོང་བས། རྒྱང་རིང་རི་གྲོང་དེའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཁུགས་སོ་ཡོད་དོ་ཅོག་ཀྱང་དལ་བ་དལ་བུར་མག་མོག་གི་ཀློང་དུ་ཐིམས་ནས་གཉིད་ཀྱི་དྭངས་ཁ་དང་བྲལ་བའི་རྒྱང་རིང་གི་བུ་མོ་དེར་སྐྱི་གཡའ་བའི་འཇིགས་སྣང་ཞིག་ངང་གིས་བསྐྱལ་ཡོང་།
རེད་ཨང་། མུན་པས་བཏུམས་པའི་མཚན་མོ་དེར་ཁོ་མོའི་འདྲེན་བྱེད་དབང་པོའི་ལམ་དུ་རྒྱུ་བ་ནི། མག་ མོག་ཀློང་གི་རི་རབ་ཁང་ཁྱིམ་འགའ་དང་། ཁོ་མོའི་ཐོས་འཛིན་གྱི་བུ་གར་ལྷང་ལྷང་དུ་གྲགས་པ་ནི། ཉེ་འགྲམ་གྱི་ཁྱི་སྨྱོན་འགའི་ཟུག་སྐད་ལས་གཞན་ཅི། མཚན་མོ། འཇིག་རྟེན་བྱེད་པོ་སུ་ཞིག་གིས་མི་ཡུལ་ལ་བསྩལ་བའི་བགོས་བསྐལ་ཡིན། མཚན་མོ། སུ་ཞིག་གིས་མི་ཚེའི་བགྲོད་ལམ་དང་འདྲ་བར་ཡོད་ཚད་ཀྱི་ཡོད་ཚད་སྨག་རུམ་གྱི་ཀློང་དུ་ཚེ་སྲོག་གི་རྩ་བ་ཚུགས་ཤིང་། སླར་ཡང་སྨག་རུམ་གྱི་ཀློང་དུ་ལང་ཚོའི་འདབ་མ་བཞད།
དོ་ནུབ་ཀྱི་མཚན་མོ་དེ་ནི་རྒྱུན་གཏན་མིན་པའི་མཚན་མོ་ཞིག་ཡིན་ཏེ། དོ་ནུབ། ཁོ་མོ་གནས་སྡོད་བྱེད་སའི་ཁང་ཁྱིམ་གྱི་གྲུ་ཁ་སོ་སོར་ཁོ་མོའི་གྲིབ་གཟུགས་ལས་གཞན་ཅི་ཡང་མཐོང་རྒྱུ་མེད་པས། ཡང་གཅིག་བཤད་ན། དོ་ནུབ་ཀྱི་མཚན་མོ་དེ་ནི་ཁོ་མོའི་མི་ཚེའི་ནང་གཏན་དུ་བརྗེད་ཐབས་བྲལ་བའི་མཚན་མོ་ཞིག་ཡིན་པས། ལོ་ན་བཅོ་ལྔ་བཅུ་དྲུག་ཙམ་ལས་སོན་མེད་པའི་ཉམ་ཆུང་གི་བུ་མོ་ཆུང་ཆུང་ཞིག་ལ་ཆ་མཚོན་ནས་བཤད་ན། མཚན་མོ་དེ་ནི་ཆེས་སྐྱི་གཡའ་བའི་སྒྱུ་འཕྲུལ་ལྟ་བུའི་དམྱལ་ཁམས་གྱི་འཇིག་རྟེན་ཞིག་ཏུ་གྲུབ་པ་སུ་ཡིས་མི་ཤེས། སྐབས་དེ་དུས། ཁོ་མོས་འཇིག་རྟེན་འདི་ནས་ཞལ་གྱེས་མ་ཐག་ཡིན་པའི་རང་ཉིད་ཀྱི་ཨ་མ་དྲན་བྱུང་། ཁོ་མོས་མཚམས་རེ་སྔོན་ཆད་ཨ་མ་དང་མཉམ་འདུག་མཉམ་གཤིབ་ཀྱི་མཚར་སྡུག་གི་ལོ་ཟླ་དྲན་ནས།གསལ་ཞིང་འཚེར་བའི་ཁོ་མོའི་ཁྲ་ཆུང་གི་མིག་ཟུང་ལས་མཆི་མའི་མུ་ཏིག་གི་དོ་ཤལ་ལྷུང་ལྷུང་དུ་འཐོར་ཞིང་། མཚམས་རེ། ཨ་མ་དྲིན་ཆེན་མོས་ཁོ་མོར་བཤད་པའི་གདོན་འདྲེའི་གཏམ་རྒྱུད་དག་དྲན་པས། ཁོ་མོའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱེད་ཅིང་། ལུས་ཀྱི་བ་སྤུ་ཐུང་ངུ་དག་ཀྱང་འཇིགས་པས་མནར་ཏེ་འདར་ཡོམ་ཡོམ་བྱེད་ཀྱིན་འདུག ཁོ་མོས་རྨི་ལམ་ལྟ་བུའི་ཆོ་འཕྲུལ་གྱི་མཚན་མོ་མང་པོ་ཕར་ལ་འདས་ནས་ལོ་ངོ་ལྔ་དྲུག་ལྷག་ཙམ་འགོར་ཡང་། ཁོ་མོར་དབྱར་ཁ་ཆར་བའི་རློན་གྲོགས་དང་དགུན་ཁ་རླུང་བུའི་ཐོར་ལྕོག་བྱེད་མཁན་གྱི་སྐྱེ་བོ་ཞིག་གཏན་ནས་མ་རྙེད་པས། མཚན་མོ་རིང་མོ་ཁོ་ན། ཁོ་མོའི་རྨི་ལམ་གྱི་བྲང་ཁར་ཐིམས་པའི་གདོན་འདྲེ་གསོན་པོ་ལྟ་བུར་གྱུར་ནས་དུས་ད་ལྟའི་བར་དུ་ཁོ་མོའི་མཚར་སྡུག་གི་རྨི་ལམ་ལ་འཇབ་རྒོལ་བྱས་ཏེ་ཁོ་མོར་ལྷིང་འཇགས་ཀྱི་མཚན་མོའི་བདེ་བ་ཞིག་ལོངས་སུ་སྤྱོད་པའི་བསྐལ་བ་གཏན་ནས་ཡོད་མ་མྱོང་ཨང་།
མཚན་མོ་མང་པོར། ཁོ་མོའི་རྨི་ལམ་གྱི་མགྲོན་པོར་ཕེབས་མཁན་ནི། ཁོ་མོའི་ཨ་མ་ཉིད་ལས་གཞན་ཅི། རྒྱུ་མཚན་ནི། འཇིག་རྟེན་འདིའི་ཐོག་ཁོ་མོར་ཆེས་ཤ་ཚ་ཤོས་དང་སྙིང་ཉེ་ཤོས་ནི་བཞུད་ཟིན་པའི་ཁོ་མོའི་རྨི་ལམ་ཁྲོད་ཀྱི་ཨ་མ་ཁོ་ན་ཡིན་པས། རྨི་ལམ་གྱི་འཇིག་རྟེན་གསར་བ་ཞིག་ཏུ་ཁོ་མོའི་ཨ་མས་མོ་ལ་བྱམས་དུངས་ཀྱིས་འོ་བྱེད་ཀྱིན་ཡོད་རྐྱེན། ཁོ་མོས་ད་གཟོད་ཨ་མ་ཞིག་གི་བརྩེ་བ་ལ་བདེ་བས་ལོངས་སུ་སྤྱོད་ཆོག་པས་ཡིན། ཁོ་མོའི་ཨ་མས་ཚོད་ཚོད་ལ་ཁོ་མོ་དགའ་རུ་བཅུག་ཅིང་། ཚོད་ཚོད་ལ་ཁོ་མོ་ངུ་རུ་ཡང་བཅུག་གིན་ཡོད། ཁོ་མོས་ཨ་མ་དྲན་ཐེངས་རེར། སྐབས་རེ། ཨ་མས་ཆེད་མངགས་མོ་ལ་བཙེམས་གནང་བའི་སྣམ་བུའི་སྟོད་གོས་དེར་ལྟ་བཞིན་ལྟ་བཞིན་ཡིད་ཀྱི་ཡོལ་བའི་ངོས་སུ་བྱམས་བརྩེ་ལྡན་པའི་ཨ་མའི་ཞལ་རས་དེ་ཝ་ལེར་འཆར་ཞིང་། སྟོད་གོས་དེར་མིག་ཟུང་ཅེ་རེར་བལྟས་ནས་ཅི་ཞིག་ལ་འདང་རྒྱག་བྱེད་པ་བཞིན་རྣམ་ཤེས་སྐྱ་བོ་སྟོང་བསམ་གྱི་མཁའ་དབྱིངས་སུ་དལ་གྱིས་བཞུད། རེད་ཨང་། སྣམ་བུའི་སྟོད་གོས་དེ་ནི་ཨ་མས་མི་ཡུལ་དེ་དང་ཞལ་གྱེས་མ་ཞུས་ཙམ་གྱི་སྔ་རོལ་དུ་ཁོ་མོར་བཟོས་པ་ཞིག་ཡིན་པས། སྟོད་གོས་དེའི་ཕྱི་ནང་གང་སར་ཨ་མས་མོ་ལ་བཅངས་པའི་བྱམས་པ་དང་བརྩེ་བས་ཕྱུག་ཡོད་པས་ཡིན། ཡང་གཅིག་བཤད་ན། སྣམ་བུའི་སྟོད་གོས་དེ་ནི་ཨ་མས་མོ་ལ་སྦྱིན་པའི་ཆེས་མཇུག་མཐའི་དྲན་རྟེན་གྱི་དངོས་པོ་ཉག་གཅིག་ཡིན་པས། ནམ་རྒྱུན་བཀྲ་ཤིས་པའི་དུས་ཆེན་དང་ཚེས་བཟང་དུས་བཟང་གི་དགའ་སྟོན་རྟེན་འབྲེལ་སོགས་ལ་ཐེངས་འགའ་གྱོན་པ་མ་གཏོགས། རིན་ཐང་གཞལ་བར་དཀའ་བའི་རྡོ་རྗེ་ཕ་ལམ་ཇི་བཞིན་གཙིགས་ཆེན་གྱི་སྒོ་ནས་ཉར་ཚགས་བྱེད་ཀྱིན་ཡོད། སྣམ་བུའི་སྟོད་གོས་དེ་ལུས་ལ་གྱོན་ཐེངས་རེར། ཁོ་མོར་འགྲན་ཟླ་བྲལ་བའི་ཚེ་སྲོག་གི་གསོན་ཤུགས་སྦྱིན་ཞིང་། ལུས་སེམས་ཧྲིལ་པོར་སྔ་ན་མེད་པའི་དྲོད་ཁོལ་གྱིས་གཏམས་ཡོད་པས། ད་གཟོད། དམར་སྨུག་གི་ཁོ་མོའི་ངོ་གདོང་ལས་ཚེམས་ཕྲེང་དཀར་པོའི་འཛུམ་མདངས་རེ་མངོན་གྱིན་ཡོད།
ལོ་དང་ཟླ་བ་ཡང་ནས་ཡང་དུ་འདས་ཤིང་། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་པོ་རེས་མོས་ཀྱིས་ཡང་ནས་ཡང་དུ་འཁོར་བཞིན་ཡོད་ཀྱང་། ཨ་མའི་བྱམས་བརྩེ་ལས་འཁྲུངས་པའི་འཛུམ་མདངས་ཀྱི་མེ་ཏོག་ཆུན་པོ་དེ་དུས་ད་ལྟའི་བར་དུའང་ཁོ་མོའི་རྨི་ལམ་དང་གཏན་ནས་བྲལ་མ་མྱོང་ཨང་། ད་ཆ་ཁོ་མོའི་དཔྲལ་བའི་ངོས་སུ་ལང་ཚོའི་རྒས་གཉེར་ཇེ་མཐུག་ནས་ཇེ་སྟུག་ཏུ་སོང་འདུག་མོད། ཁོ་མོས་སྔར་རྒྱུན་བཞིན་ལག་ཟུང་གི་མཁར་བའི་རྒྱུན་དང་འགྲོགས་ནས་རང་ཁྱིམ་གྱི་སྒོ་ཁར་སོང་སྟེ་མཁའ་མཐའ་ན་ལྷམ་མེར་འཚེར་བའི་མཚམས་སྤྲིན་ལ་ལྟ་བཞིན། ཕ་ས་དང་ཡུལ་མི་རྒྱང་དུ་བསྐྱུར་ནས་བུད་ཟིན་པའི་ཨ་མ་དང་ཨ་མའི་ཞིམ་མངར་གྱི་གཏམ་རྒྱུད་རེ་རེ་རྗེས་སུ་དྲན་པའི་མོད་ལ། ཡང་བསྐྱར། ཨ་མས་བཙེམས་གནང་མཛད་པའི་སྣམ་བུའི་སྟོད་གོས་དེ་དྲན་བྱུང་བས། ཁོ་མོས་གོམ་པ་འཁྱར་འཁྱོར་ངང་སྤོས་ནས་སྟོད་གོས་དེ་སྒམ་ནང་ནས་བླངས་ཏེ་རྡང་ལ་འཕངས་ཤིང་གདབ་བུས་གཏག་སྤྲུག་འགའ་རེ་བྱས་རྗེས་སྔར་བཞིན་སྟོད་གོས་དེ་སྒམ་ནང་དུ་དལ་གྱིས་འཇོག་གིན་ཡོད། དུས་ད་ལྟ། སྣམ་བུའི་སྟོད་གོས་དེ་ཁོ་མོའི་ལང་ཚོ་དང་འདྲ་བར་རྒས་ཤིང་འཁོགས་པར་གྱུར་འདུག་མོད། ཁོ་མོས་སྔར་རྒྱུན་བཞིན་སྣམ་བུའི་སྟོད་གོས་རྙིང་རུལ་དེ་ལོ་ངོ་སྟོང་ཕྲག་ལྷག་འདས་པའི་ལོ་རྒྱུས་ཀྱི་ཡིག་ཆ་རྙིང་བ་བཞིན་དུ་བརྩིས་ནས་དེར་དཔྲལ་བའི་མིག་ཟུང་ལྟར་གྱི་གཅེས་སྤྲས་དང་བདག་ཟུང་བྱེད་ཀྱིན་ཡོད། རེད་ཨང་། སྣམ་བུའི་སྟོད་གོས་དེ་ནི་བགྲང་བྱ་མང་པོའི་ཙག་རླུང་གི་ལོ་ཟླའི་ཁྲོད། ཁོ་མོར་དྲོད་ཁོལ་དང་འཚོ་བའི་གསོན་ཤུགས་སྦྱིན་པར་བྱེད་མཁན་གྱི་ནོར་བུ་ཉག་གཅིག་ཡིན་པས་མི་ཚད། དེས་ཁོ་མོར་ཨ་མ་བཞིན་གྱི་བརྩེ་བ་དང་བདེ་བ་སྦྱིན་པར་བྱེད་ཅིང་། ཁོ་མོར་ཨ་མ་དང་འབྲེལ་བའི་དགའ་སྐྱོ་ཟུང་འབྲེལ་གྱི་མི་ཚེའི་གདམས་ངག་སྦྱིན་པར་བྱེད་པས་ཡིན།
དུས་ནམ་ཞིག ཁོ་མོའང་ཨ་མ་དང་འདྲ་བར་མཁའ་མཐའི་མཚམས་སྤྲིན་གྱི་ཀློང་དུ་ཐིམས་ནས་རྒྱང་རིང་ དུ་བཞུད་པའི་ལམ་ལ་བཞུགས་ཚེ། ཨ་མ་དང་ལྷན་དུ་འཛོམས་པའི་རྟེན་འབྲེལ་ཞིག་འགྲིག་ཨེ་ཐུབ། ཁོ་མོར་ཡང་བསྐྱར་ཨ་མས་བཟོས་པའི་སྣམ་བུའི་སྟོད་གོས་གསར་བ་ཞིག་ལུས་ལ་གྱོན་པའི་བསྐལ་བ་འབྱུང་ཨེ་སྲིད། སྟོད་གོས་གསར་བ་དེ་དང་འབྲེལ་བའི་མི་ཚེ་གསར་བ་ཞིག་གི་དཔལ་ལ་རོལ་ཨེ་ཐུབ། ཀྱེ། དཀོན་མཆོག་གསུམ་པོ། ཁྱེད་ཀྱིས་ནམ་ཡང་ཉམ་ཆུང་གི་མི་སྡེ་ཚོར་ཀུ་རེ་རྩེད་ཀྱིན་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com