ཟི་ལིང་ནས་མཐོང་བའི་བོད་པ་སྐོར་ཞིག རྡོ་འབུམ།

རྩོམ་པ་པོ།:རྡོ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-16 09:42:00 ཀློག་གྲངས།:

ཟི་ལིང་ནས་མཐོང་བའི་བོད་པ་སྐོར་ཞིག  
        
རྡོ་འབུམ།(མགོ་ལོག)

         ཉེ་བའི་ལོ་ཡི་རིང༌། དཔལ་འབྱོར་གྱི་འཕེལ་ཁ་མྱུར་ཅིང༌། གོང་ནས་མཐུན་རྐྱེན་སྦྱར་དངུལ་ཆར་བཞིན་འཇོ་བར་བརྟེན། གནའ་མཁར་ཟི་ལིང་ནས་འཁོབས་ཡངས་ལམ་ཆེན་དག་ནི་ཉེ་སའི་ཞིང་བར་དང་གནམ་སའི་གངས་འདབས་དང་རྫ་གསེང༌། སྤང་གི་དཀྱིལ་དང་བྲག་གི་རྩ་ལ་ལྷ་ཆེན་པོའི་ཕྱག་སོར་དྲ་བ་བཞིན་བརྐྱངས་པས། སྲིད་དཔལ་རིག་གསུམ་གྱི་ལྟེ་བ་འདི་ལ་ལ་དང་ལུང་བའི་མགྲོན་པོ་ནི་སྤྲིན་བཞིན་འདུ་ཞིང་བྱ་བཞིན་དུ་འཁོར་ཞིང་ལྡིང་གིན་གདའ། དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་སྟོད་དང་མཇུག་ཏུ་ཟི་ལིང་དུ་བོད་པ་ཅིག་མཐོང་ཚེ་རིགས་མཐུན་གང་དག་མཚར་སྣང་ལ་དུངས་ཀ་དབང་མེད་དུ་འཕེལ། དེ་ནི་དེ་དུས་བོད་རིགས་ཀྱི་རྫོང་སྲབ་པའི་རྐྱེན་ལས་མ་འདས། དུས་ད་ལྟ་ཟི་ལིང་དུ་བོད་རིགས་ནི་རྩྭ་གསེབ་ཏུ་མེ་ཏོག་བཞད་བཞད་ལྟར་མང་དུ་འཕེལ་བ་ནི་ཧ་ལས་དགོས་པའི་ཚད་དུ་བསླེབས། ལྷག་པར་དུ་གྲོང་ཁྱེར་གྱི་དབུས་འགྱུར་བཞི་མདོ་ཆེན་མོ་དང༌། ནུབ་སྒོ་ཁ། རླངས་འཁོར་ས་ཚིགས་གསུམ་ནས་གོམ་པ་བཅུའི་མཚམས་སུ་གདོང་དམར་པ་ཅིག་ལ་འཕྲད་ཐུབ་ཅེས་ན་འུར་བརྗོད་མིན།  བོད་མིའི་ཁྲོམ་དུ་མྱུག་ཚེ་འབྲོག་པའི་རུ་ནང་དུ་འབྱོར་བའམ། རོང་གི་སྲང་བར་དུ་བསླེབས་འདྲའི་རྒྱུས་མངའི་སྣང་བ་ཞིག་སྐྱེས་ཡོང༌།  ང་རང་གིས་རྒྱུས་ལོན་དང་གཞན་ནས་གོ་ཐོས་བྱུང་བ་ནི།  གཞིས་པ་ལས་གཞན་ཁུལ་དང་རྫོང༌། ས་གནས་ཀྱི་བོད་རིགས་ལས་བྱེད་གཙོས་ཚོང་བའམ་དབྱར་རྩྭ་དགུན་འབུ་ཡིས་ཕྱུག་པ་ཚོས་ཟི་ལིང་ནས་སྡོད་ཁང་ཉོ་བ་དང༌། ཚོང་བ་ཚོས་ཟ་ཁང་ངམ་ཚོང་ཁང་དང༌།  ཆང་ཁང༌།  ཇ་ཁང༌།  ནང་མ། དཔར་ཁང་སོགས་གཉེར་བ་དང༌།  བོད་རིགས་ཀྱི་མི་འབོར་ཀྱང་དེ་བཞིན་འཕར་བ་རེད།
         གང་ལྟར་ཕ་སྤྲེའུ་དང་མ་བྲག་སྲིན་ལས་ཆད་པ་ཚོ་ཡང་རྫ་འདབས་སམ་ཞིང་བར་དུ་མི་ལུས་པར་རྒྱ་གྲོང་དུ་འདུས་ཏེ་ཁ་སོས་ཤིང༌།  ནམ་ལངས་པ་མ་ཟད། ས་རྒྱ་ཞིག་ཆོད། གྲལ་ཞིག་ཟིན་ན་ཤ་རུས་གདུང་རྒྱུད་གཅིག་པ་སུས་མཐོང་ན་གོ་ན་མི་དགའ་འམ། རྡུལ་གྱིས་ཟིན་པའི་ལོ་རྒྱུས་དང་གནའ་མི་ཚོའི་ ངག་ལས་ཕ་མེས་ཡང་མེས་རིང་ལ། གནས་འདི་ནས་སྦྲ་ཕུབ། སྒོ་ཟོག་གི་གཡང་འགུག་ཀྱིན་གཞི་ཚུགས་ཀྱི་དུད་སྤྲིན་སྔོན་མོ་དགུང་ལ་འཁྱུག་མྱོང་བ་ཤེས་ལ། ཇོ་སྲས་ལགས་ཀྱིས་མཁར་མཐོན་པོ་བཞེངས། ཁྲི་མ་ཐོན་པོའི་གོང་མནན། ཙོང་ཆུའི་རྒྱུད་དུ་རིགས་རྒྱུད་བསང་དུད་བཞིན་མཐུད་ཅིང་ས་ལ་བདག་པོ་བརྒྱབ་མྱོང་བ་རྟོགས་ཐུབ་སྟེ། མཁར་ཤུལ་རྙིང་བ་ད་དུང་ཡང་དན་རྟགས་གསོན་པོའི་ཚུལ་དུ་དབུགས་ཆད་མེད་པ་མིན་ནམ། སྐབས་རེར་ངས་འདི་ལྟར་དྲན་མྱོང༌།  འབྱུང་བཞིའི་ཁམས་ལ་ཐིམ་པའི་ཇོ་སྲས་ཀྱི་རྣམ་ཤེས་ལ་སླར་ཡང་སྲོག་ཞུགས་ཏེ། ཕྱོགས་དང་ཕྱོགས་སུ་འཐོར་བའི་རིགས་ཀྱི་ས་བོན་གྲུང་བོ་དག་ལ་དུས་ཀྱིས་བསྐལ་བའི་འབོད་པ་ཐིངས་བས། ཕྱིར་གནས་འདིར་འཁོར་བ་ཡིན་ནམ་སྙམ། ཟི་ལིང་དུ་བོད་པ་ཇེ་མང་དུ་སོང་བ་ནི་བསུང་ཞིམ་འཐུལ་བའི་འདབ་བརྒྱའི་ཆུན་པོའི་བཀྲག་མདངས་ཤིག་འཚེར་ཡོད་དེ། ཐུན་མིན་ཁྱད་ཆོས་དང་ཡོན་ཏན་གྱིས་ཟི་ལིང་གི་ངོ་གདོང་ལ་སྣུམ་བག་ཅིག་བསྒོས་ཡོད། བོད་ནི་ཟི་ལིང་གི་རྒྱན་དང༌། བོད་ཀྱི་རིག་གནས་ནི་གནའ་མཁར་འདིའི་བཅུད་ཅིག་དུ་བརྩི་ཆོག་སྟེ། ཕྱོགས་ཡོང་གི་གནས་སྐོར་བ་ཚོ་ཡང་བོད་ཀྱི་རིག་གནས་ལ་གཟས་ནས་མཇལ་སྐོར་དུ་ཡོང་བ་སྨྲོས་མ་དགོས། ཉམས་ཕུན་སུམ་ཚོགས་པའི་སྐོར་བྲོ་ཁོ་ན་ལ་ཡང་ཐང་ཆེན་ཀུན་ན་རྐང་ཀྲབ་ལག་ཀྲབ་ཀྱིས་ལད་མོ་བྱེད་མཁན་རྒྱ་སོག་གྲངས་ལས་འདས་ལ། དེ་སྔའི་ཉི་མའི་ཚོ་བ་གླུ་གར་ཁང་དུའང་འཚང་ག་ཤིག་ཤིག་གིས་འདུ་བ་ཡང་ཆེ་མིན་ཡལ་ག་ལྟ་བུའི་གླུ་གར་རིགས་ཀྱིས་དྲངས་བ་མིན་ནམ། ཡིན་ཡང་ད་སྔ་འུ་ཚོས་ལག་ནས་འཁྱོངས་བ་ཡང་གསོ་རིག་སྨན་ལས་དང་གླུ་གར་གྱི་རིགས་རེད་ལ། གཞན་མདུན་ངོམས་སོ་བྱེད་སྤྱད་ཀྱང་འདི་ཙམ་རེད།
         བོད་ཀྱི་རིག་གནས་ནི་སྔར་བཞིན་མངོན་ཆུང་བུ་མོའི་ཚུལ་དུ་གྱར་ཡོད་དེ། དེ་ནི་ནང་རྡིག་ཕུག་གི་མཛོད་ན་སྤུངས་ཀྱང་ཕྱི་རྡིག་ར་མ་རེའུ་ཙམ་མ་གཏོགས་མི་སྤྱོད་པའི་བདག་པོ་སེམས་ཆུང་ཞིག་ལ་ཀུན་ནས་མཚུངས།  དེ་ལྟར་མིན་ན། གཞན་རིགས་དག་གིས་བཀྲ་ཤིས་བདེ་ལེགས་འབྲུ་བཞི་བོ་མ་གཏོགས་ཁ་ནས་མི་འཁྱོངས་ལ། ལྷ་རྫས་ཁ་བཏགས་དཀར་པོ་ལྟེབས་ཁུད་སྐོར་ཕྱོགས་མི་ཤེས་བཞིན་དུ་ལག་པས་གང་བྱུང་དུ་འབུལ་བཞིན་པ་འདི་ཅི་ཉེས། དེ་ན་འུ་ཚོས་དོན་ཆེན་དང་རླབས་ཆེན་ཞིག་གླེང་རྒྱུ་སྐྱུར་ཞོག་དང་། ཆུང་ས་ནས་མགོ་བརྩམས་ཤིང་དེ་ལ་འཇུག་ཅིང་ཤུགས་བཏོན་པ་ཡང་རིགས་ཞེན་རུས་པ་ཅན་གྱི་རྟགས་ཡིན་ནོ།།
         མ་མཐའ་ཡང་བཟའ་མི་ཚང་མས་བོད་སྐད་སྨྲ། བོད་ཡིག་བསླབ་སྟེ་པན་ཆེན་མཆོག་གི་འོས་འགན་དུ་བཞེས་པ་གང་སྤྱི་བོར་བླངས་ན་འགྲིག་མོད།  ཟི་ལིང་ནས་མཐོང་བའི་བོད་པ་སྐོར་ཞིག་གི་སྤྱོད་པ་དང་མཛད་པ་སྣ་ཚོགས་ཀྱིས་སེམས་ཁོང་དུ་ཆུད་པར་བྱས་ལ། ཡི་ག་གཏིང་ནས་འཆིས་པར་བྱེད་འགྲོ། ཁྲིད་སྟེགས་ནས་བོད་ཀྱི་སྐད་ཡིག་འཁྲིད་ཀྱིན་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གང་དེས་རང་གི་བུ་ལ་གཞན་སྐད་སློབ་ཏུ་བཅུག་མཐར། ཕ་བུའི་བར་དུ་བརྡ་མི་འཕྲོད། སྙན་ངག་པ་དེའི་སྙན་ངག་གི་གདངས་ན་མི་རིགས་ཀྱི་དུངས་ཞེན་ལྷོག་ལྷོག་ཏུ་འཕྱུར་ན་ཡང༌། གང་གི་རྒྱ་སྐད་མ་གཏོགས་མི་འཁྱོངས་བའི་གཅེས་ཕྲུག་གིས་ཕ་ཡི་ཀ་མད་སུམ་ཅུའི་བརྒྱུས་ཡིག་དེ་དག་གསང་ཨང་འབའ་ཞིག་ཏུ་སྒོམ།  ད་དུང་བོད་ཡིག་གི་ཕུལ་བྱུང་རྩོམ་པ་པོ་དང༌། རྩོམ་སྒྲིག་པ། གཞུང་ལུགས་སྨྲ་བའི་ལོ་ཙཱ་བ་དང་ཞུས་ཆེན་པ། སྨྲ་ལྕེ་རྒོད་པོའི་མདོ་འཛིན་པ་དང་སྙན་སྒྲོན་པ། ཡ་མཚར་བ་ཞིག་ལ། ཤེས་ཡོན་ཅན་དང་ཁ་མིག་ཡར་ལྟ་ལ་བཀུར་བ་འདི་དག་གིས་ཚོགས་པའི་དབུས་སམ་གྲལ་གྱི་དཀྱིལ་དུ“མི་རིགས་སློབ་གསོ” དང“སྐད་དང་ཡི་གེའི་ཆག་འཇིག”“བོད་རྩོམ”སོགས་མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲ་སྐབས། ཡ་ང་སྟེ་ངོ་གདོང་ཚ་སྤྲིད་བེར་ཙམ་ཡང་མི་འབྱུང་བ་ནི་སེམས་རྩར་ལྕགས་ཀྱི་ཁྲབ་བརྒྱབ་པ་ར་སྤྲད་མེད་དམ། ཡ། སྐད་དང་ཡི་གེའི་སྐོར་འདི་ཁ་ཐོགས་ཐོགས་ཚང་མས་མ་ཎི་བཞིན་བཟློ་གྱིན་པས་སྐྱུར་ཞོག   ད་ནི་ཉེ་བའི་ལོ་ལ་ཟི་ལིང་ནས་དངོས་སུ་མཐོང་ཆོས་སུ་སྨིན་པ་དག་གླེང་ན་ཁྱོད་ཀྱིས་ཀྱང་མིག་ཞགས་ལན་གཅིག་གཡོར་རོགས་མཛོད། དགུན་གྱི་དུས་ནི་ཟི་ལིང་དུ་བོད་པ་ཆེས་མང་བའི་དུས་ཤིག་ཡིན་པ་ཚང་མར་གསལ་ངེས། སྲང་ལམ་ཆེ་ཆུང་ཀུན་ཏུ་བོད་པ་ཚོ་ཁྱུ་དང་ཁྱུ། སྐོར་དང་སྐོར་བྱས་ཏེ་འཁོར་ཅིང་ཉུལ། དགུན་ཁ་ཟི་ལིང་གྲོང་ཁྱེར་ཡང་མཐོ་གཞོང་གི་ཡུལ་གྲུ་གཞན་དག་དང་འདྲ་བར་གྲང་རླུང་གི་རྒྱུ་བ་རྩུབ་མོད།གྲང་རླུང་ངར་མོས་མཐོ་གཞོང་གི་བདག་པོ་ཚོའི་སྲང་ལ་འཁོར་འདོད་ཀྱི་ སེམས་པ་འཁྱག་ཏུ་འཇུག་མི་ཐུབ། སྲང་ན་ལང་ལོང་ངང་འདུར་གྱིན་པ་ལ་བལྟས་ན་གནའ་དུས་ཁལ་མ་དེད་དེ་ཚོང་འདུས་ལ་བྲེལ་བའི་ཚུལ་དེ་གཟུགས་ཅན་བཞིན་དུ་མིག་ལམ་དུ་ཤར་ཡོང༌། ཚོང་ཁང་དུ་འཛུལ་ནས་མཁོ་རྫས་ཁྲ་ཁྲ་རིག་རིག་ཁུག་མ་དང་ཤོག་སྒམ་བྱས་ཏེ་གཡས་གཡོན་ལག་པས་མི་ཐེག་པ་ཞིག་ཉོ་བའི་ཚུལ་ལ་བལྟས་ན་ད་མྱུར་དུ་མ་ཉོས་ན་གྲོང་ཁྱེར་གྱི་ཚོང་རྫས་ཐམས་ཅད་སྐད་ཅིག་ཉིད་དུ་ཚར་འགྲོ་པར་སྐྲག་པ་དང་འདྲ། ཟ་ཁང་དུ་ཟ་མར་རོལ་ཚུལ་ནི་དེ་བས་ཀྱང་ལྟད་མོ་ཡོད། ཟ་ཁང་གང་ན་འདུ་ཚོགས་དང་འུར་ཟིང་ཆེ་ན་བོད་པ་ཚོ་དེ་རུ་འཚང་རྒྱུར་དགའ།དམར་ཟས་ལ་དགའ་བས། ཞབས་ཕྱི་དམན་ཡང་བྲོ་བ་ཅུང་བཟང་ན་ཚང་མ་དེ་རུ་འཛུལ་ལ། མིས་གང་སྟེ་འདུག་སྟེགས་མེད་ན། བོད་པ་ཚོ་ཟ་ཁང་གི་སྒོ་འགྲམ་མམ་ནང་རོལ་ན་གྲལ་ལྟ་བུ་བསྒྲིག་ས་ཏེ་སྒུག་པར་བཟོད། ཚུལ་དེ་ནི་དད་ལྡན་ཚོ་བླ་མའི་མཇལ་ཁ་ལོན་པར་ངང་གིས་སྒུག་པ་དང་གཉིས་སུ་མེད། ཟས་ཐུན་གཅིག་གི་དོན་དུ་དུས་ཚོད་མང་པོ་ཕངས་མེད་དུ་གཏོང་བ་འདིས་བོད་པ་ཚོ་བསྲན་ཆེ་ལ་སྡུག་རུས་ལྡན་པ་གསལ་འཤད་བྱས་ཡོད་ལ། སྙིང་སྟོབས་འདི་གལ་ཏེ་འཇུག་པའི་བྱ་བ་གང་ཞིག་ལ་སྤྱོད་ཚེ་འཇིག་རྟེན་འདི་ན་མི་འགྲུབ་པའི་བྱ་བ་ཅི་ཞིག་ཡོད། ཇ་ཁང་དང་ཆང་ཁང་ནི་བག་ཡངས་ངང་ཇ་ཆང་ལ་རོལ་བཞིན་ཁ་བརྡ་གླེང་མོལ་ བྱེད་སའི་བསྟི་གནས་ཡིན་པ་སྨྲོས་ཅི་དགོས། 
          འདི་རུ་འཛོམས་པ་ཕལ་ཆེ་བ་ཕོགས་ལེན་དག་ཡིན་ཏེལྷིང་འཇགས་ཀྱི་གྲུ་ཟུར་ནས་ཕན་ཚུན་སྔར་བས་འདྲིས་ཆ་དང་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྐྱང་བྱེད་ཆོག  ཇའམ་ཆང་ལ་གང་དགར་རོལ་གྱིན་ཙོང་དྲི་དང་རྩམ་དྲི་གཉིས་འཐུལ་གྱི་བསྲེས་སྐད་ཀྱིས་སྟོང་ལབ་དང༌། ཆགས་བཤད།  ཉོག་གཏམ།  ཆེ་གཏམ་རྒྱག  ལྷང་ལྷང་དགོད། སིང་སིང་གྲགས་ཀྱིན་དུས་འདའ། འགའ་ཞིག་ཇ་ཁང་ནས་རྒྱན་སྐུགས་ནས་ནམ་གསལ་སེ་གཏོང༌། ཡིན་ན་ཡང༌། བོད་པ་ཚོ་མཐོང་དཀའ་བའི་གནས་ནི་དཔེ་ཁང་ཉིད་རེད། གཏན་ནས་མི་མཐོང་བ་ཡང་མིན་ཏེ། ཕ་མས་བུ་ཕྲུག་ཁྲིད་དེ་སྦྱངས་གཞིའམ་ཚིག་མཛོད་ཉོ་མཁན་འགའ་རེ་མཐོང༌། དཔེ་ཁང་དུ་འཁོར་མཁན་ཕལ་ཆེ་བ་བཙུན་པ་དང་སློབ་མ་ཡིན་པ་ལས་སྐུ་རྒྱགས་ཅན་གྱི་ཕོགས་ལེན་ཚོ་འདི་ནས་མཐོང་དཀའ། ཇ་ཁང་ཆང་ཁང་དང་ཚོང་ཁང་ཁོ་ནར་འཁོར་ཏེ་དཔེ་ཁང་དུ་གོམ་པའི་འདེགས་འཇོག་མི་སྒྱུར་བ་འདི་ལས་ཕོགས་ལེན་གཙོས་བོད་པ་མང་ཤོས་འཇིག་རྟེན་གྱི་འདོད་ཡོན་ལོངས་སྤྱོད་ཁོ་ན་གཙིགས་སུ་འཟུང་སྟེ། ནང་ཤེས་པ་དང་བློ་དྭངས་བྱེད་ལ་མི་མོས་པའི་རྩིང་གཤིས་དང་ཕུགས་མེད་རྩྭ་སྐྱ་ལྟར་སྲབ་ཡང་ཆེ་བ་ལྷང་ངེར་བསྟན་པ་མིན་ནམ་ཅི། སོམས་དང༌། ཁ་རུ་རྫོངས་རྒྱུ་དང་རྒྱབ་ལ་གཡོགས་རྒྱུ་འབའ་ཞིག་སེམས་ཤིང་བརྩོན་ན་དེ་ལ་མི་རུ་འབོད་ཀྱང་ཤ་གཟུགས་འཛིན་པ་ལས་ཅི་ཞིག་ལྷག བོད་རིགས་ཕོགས་ལེན་ཚོ། བསོད་ནམས་རང་གྲུབ་ཀྱི་ལྕགས་ཕོར་ཐོགས་པ་དང་ལྟ་བའི་དཔེ་ཆ་དག་ཕར་གཡུག་འགྲོ  སྨྱུག་ཐོགས་པ་དེས་གདན་ཐོབ་ཅིག་རེག་ཚེ། ཁོ་གླེང་རྒྱུ་དགའ་བ་རྩོམ་ རིག་མིན་ཏེ་ལས་ཐོབ་དང་ཕོགས་ཀྱི་མང་ཉུང་ཡིན། དེ་བས་རྒྱུན་དུམ་སེར་གཅོད་པ་དཔེ་ཀློག་དང་རྩོམ་འབྲི་ཡིན་ལ། ཉིན་མཚན་སྦྲེལ་ནས་རྒྱུན་སྐྱོང་བ་མཱ་ཅང་དང༌། ཤོག་ཕེ་ཡི་རྒྱན་སྐུགས་མིན་ན། མིག་གློག་ཀླད་དུ་ཤོར་ཏེ་རྩེད་འཕྲུལ་ལ་རོལ་རྒྱུ་དེ་རེད། དེ་བས་ངའི་བསམ་པར་སྐུ་ཚོ་རྒྱགས་སྐད་སྨྲ་བའི་རང་རློམ་ཅན་གྱི་ལས་བྱེད་སྐོར་ཞིག་གི་རང་རྒྱུད་ཀྱི་སྤུས་མཚག་དེ་དོན་དམ་དུ་ལ་ཁའི་ལུག་རྫིའི་ཡན་དུ་འདའ་མེད་དོ་སྙམ། ཅི་ལ་ཞེ་ན་གཞུང་དྲང་བག་ཡོད་ཆེ་ལ་ཕྱི་རོལ་རྙོག་ཟིང་གིས་དེ་འདྲ་མ་བསླད་པའི་རྫི་བོ་ཡིས་རྒྱུད་ཀྱི་ལྷན་སྐྱེས་དང་རང་གཤིས་མི་འབོར།  འོན་ཏེ་འུ་ཚོ་རྒྱུ་དད་ནོར་ཞེན་ཆེ་ལ། ཀླད་པར་མི་དྲན་དགུ་དྲན། སེམས་སུ་མི་ཤར་དགུ་ཤར་དང༌། རང་དོན་གཅིག་པུར་འཐམས་པའི་ཕོགས་ལེན་ཁྱོད་དང་ང་ ཡི་རྒྱུད་ན་ངང་མཚག་བཟང་བོ་ཞིག་ཇི་ལྟར་འབྱོར། ངས་འདི་ལྟར་སྨྲ་ན། ཁྱོད་ལ་བབས་མེད་དོ།། ཁ་རོག་སྡོད་ཅེས་སྡིག་དམོད་དང་སྤྱོ་མཁན་ཡོད་ངེས་ཏེ། བལྟས་ན་སྐྱིད་སྐྱིད་དང་འཛོམས་འཛོམས་སྣང་བའི་དེང་གི་ཆ་ལ། མི་ཐམས་ཅད་འཇུག་སླ་བ་དང་ལས་བདེ་བོ་ལ་ཞོགས་པ་ལས། ཚེགས་ཆེ་ཡང་དོན་དང་ལྡན་པ་ལ་གཡོལ་བར་གོམས་ན། ངས་འདི་རུ་སྨྲ་བ་དག་ནི་སྤྱང་ཀིའི་རྣ་ལ་ཆོས་བཤད་དུ་ཟད་མོད། ལྟོ་གོས་ཙམ་དང་ཕྱི་ཡི་ལོངས་སྤྱོད་དབུ་རུ་འཇོག་པའི་མི་རིགས་དེ་རེ་བ་མེད་པ་ཕུ་ཐག་ཐུང་བའི་ཆུ་བཞིན་ཉམས་འགྲོ་ལ། ལྟོ་འགྲང་འབའ་ཞིག་ལྷུར་ལེན་དང་འཚོ་ཚིས་ཁོ་ནར་འཇུག་པ་དེ་རེ་ལྟོས་མེད་པའི་རྐང་གཉིས་ཏེ། ལྟོ་གཟན་ཕག་གི་སྐྱེ་བ་བླངས་བ་མིན་ན་ཅི།

2012ལོའི་ཟླ1ཚེས5ནས2012ལོའི་ཟླ1ཚེས6བར་ཟི་ལིང་དུ་བྲིས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།