མཚན་མོ་དེར། རྣམ་གླིང་རིན་ཆེན།
མཚན་མོ་དེར།
རྣམ་གླིང་རིན་ཆེན།
མཚན་མོ་དེར།
སུ་ཞིག་གིས་ང་འབོད་ཀྱིན་ཡོད།
མུན་པས་བཏུམས་པའི་མཚན་མོ་དེར།
སུ་ཞིག་གིས་ང་ཤུགས་ཀྱིས་འབོད་ཀྱིན་འདུག
སུ་ཞིག་གིས་ངའི་ཁང་མིག་ཆུང་ངུ་འདིའི་སྒོ་མོ་ལན་གྱིས་བརྔུང་གིན་འདུག
གཅིག་བྱས་ན། ཁོ་ནི་རྣམ་ཤེས་བོར་བའི་བར་མདོའི་འཁྱམས་པོ་ཞིག་ཡིན་ངེས་ལ།
གཅིག་བྱས་ན། ཁོ་ནི་ངའི་རྣམ་ཤེས་འཕྲོག་པར་བྲེལ་བའི་གཤིན་རྗེ་དཀར་ནག་གཉིས་ཡིན་ཡང་སྲིད།
ངས་ཐ་མག་རྐང་གཅིག་ལ་མེ་བསྒྲོན་བཞིན་དེ་ལྟར་བསམ།
མཚན་མོ་དེར།
ངས་རྔུབ་བཞིན་པ་ནི་དུ་བ་ཡིན་ཀྱང་།
དུ་བས་རྔུབ་བཞིན་པ་ནི་ངའི་སྡུག་བསྔལ་ཡིན་པ་སུ་ཡིས་ཤེས།
རྒྱུན་གཏན་མིན་པའི་མཚན་མོ་དེར།
ཡང་སྙིང་སུ་ཞིག་གིས་ང་འབོད་ཀྱིན་འདུག
ངའི་ལྷིང་འཇགས་ཀྱི་རྨི་ལམ་དེ་འུར་གྱིས་དཀྲོགས་པར་བྱེད་མཁན་དེ་ཡང་སྙིང་སུ་ཞིག་རེད།
གཅིག་བྱས་ན། ཁོ་ནི་ཨ་མྱེས་ཀྱིས་བཤད་པའི་དམུ་བདུད་འབྱམས་པ་ཁྲག་མགོ་ཞེས་པ་དེ་ཡིན་སྲིད་མོད།
ང་ལ་རྣམ་ཤེས་བོར་བའི་ལུས་ཟུང་རིད་པོ་ཉིད་ལས་ཅི་ཡང་མེད་པས།
ཁོས་ང་ལ་ལྷིང་འཇགས་ཀྱི་རྨི་ལམ་ཞིག་མཛེས་སྡུག་གིས་རྨིས་སུ་མི་བཅུག་པ་ཅི་ཡིན།
གལ་ཏེ། དོ་ནུབ་ང་ཕ་ཡུལ་དུ་ཡོད་རྒྱུ་ན།
ངས་ཀྱང་ཕུ་ནུ་མིང་སྲིང་ཚོ་དང་ལྷན་དུ་བྱིས་སྒྲུང་གི་འཇིག་རྟེན་ལྟ་བུའི་རྨི་ལམ་ལ་རོལ་ཆོག་ཨང་།
སྐྱི་གཡའ་བའི་མཚན་མོ་དེར་ངས་དེ་ལྟར་སེམས་བཞིན་ཡོད།
ངས་ཐ་མག་རྐང་གཅིག་ཤུགས་ཀྱིས་རྔུབ་རྗེས་མལ་ཁྲི་ལས་ཧོབ་ཀྱིས་ལངས་ཏེ་སྒོ་མོ་ཕྱེ་བར་རྩོམ་པ་ན།
ཕྱི་རོལ་དུ་ཆར་བ་ཤག་ཤག་བབས་ཀྱིན་འདུག་པ་ལས་མི་དང་ལྷ་འདྲེ་སུ་ཞིག་གིས་རྐང་རྗེས་མི་རྙེད།
ཆར་བ་དེས་ངའི་རི་རབ་ཁང་ཁྱིམ་གཙང་ཕྱགས་བྱས་འདུག་ལ།
བུ་མོ་ཞིག་གི་སྐྲ་ལོ་འདྲ་བའི་ལམ་ཕྲན་གྱི་རྒྱ་ལྕང་དེའི་ནང་སྙིང་བརླན་པར་བྱས་འདུག
འོན་ཀྱང་། ཆར་བ་དེས་ང་རང་གཙང་མར་འཁྲུད་ཀྱིན་མིན་འདུག
ངའི་གློ་སྙིང་མཆིན་གསུམ་གཙང་མར་བཀྲུ་བའི་ནུས་པ་དེ་ཁོ་ལ་མིན་འདུག
ཡུད་ཙམ་སོང་རྗེས། ངས་ད་གཟོད་རང་ཉིད་ཀྱི་རྣམ་རྟོག་གིས་རང་ཉིད་བསླུ་བཞིན་པ་ཚོར་བྱུང་ལ།
རང་ཉིད་ནི་རང་ཉིད་ཀྱི་གཤིན་རྗེ་གསོན་པོ་དེ་ཡིན་པ་གཞི་ནས་རྟོགས།
རང་ཉིད་བོར་བཞིན་པའི་ཁྱེད་ཀྱི་དུས་གསུམ།
ལྷ་སྒྲུང་མ་ཡིན་པའི་ལྷ་སྒྲུང་ཞིག་གི་རྒྱུན་ཐག་ལས།
ཁྱེད་རང་། ཁ་བ་དཀར་པོའི་ཞིང་ཁམས་དེར་དལ་གྱིས་འཚར་བྱུང་།
ཆུང་དུས། ཁྱེད་ལུས་ལ་ཐང་དཀར་རྒོད་པོའི་གཤོག་ཟུང་དབེན་པས།
གནམ་འོག་འདིར། ཁྱེད་ལས་གཡའ་དག་པའི་ནམ་མཁའ་ཞིག་གི་བཞིན་རས་ཡོད་པ་ཁྱེད་ཀྱིས་ཇི་ལྟར་ཚོར།
དུས་ད་ཆ། ཁྱེད་ལུས་ལ་རྒོད་པོ་གཤོག་ཟུང་ཅན་དེའི་མཁོ་ལག་རྫོགས་ཀྱང་།
རང་ཡུལ་གྱི་ནམ་མཁའ་སྦར་མཐིལ་ཙམ་ཞིག་ལས་བགྲོད་མི་ཐུབ་པ་ཅི་ཞིག་གིས་ལན།
མ་འོངས་པའི་དུས་ཞིག་ན།ངས་ཁྱེད་ནི་ལྡེམ་མྱུར་འཁྱུག་བགྲོད་ཅན་གྱི་ཉ་མོ་ཞིག་གི་གཟུགས་སུ་མཐོང་ཡང་།
སྐབས་དེ་དུས། ཁྱེད་ལུས་ལ་གཤོག་ཟུང་ཐོགས་ཀྱང་མཁའ་ལ་འཕུར་མི་ཤེས་པ་ངས་གཞི་ནས་རྟོགས་ལ།
མུན་པས་སྟུག་པའི་རྒྱ་མཚོའི་ཀློང་དུ་འཚོ་དགོས་རྒྱུ་ནི་ཁྱེད་ཀྱི་ལས་དབང་ཡིན་པ་ངར་ངེས་ཤེས་རྙེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com