མཐོ་འབྲིང་སློབ་མའི་རྩོམ་ཡིག་གི་ལས་བྱ་བཀོད་སྒྲིག་དང་དག་བཅོས་ཐད་ཀྱི་ལབ་བརྡོལ།
མཐོ་འབྲིང་སློབ་མའི་རྩོམ་ཡིག་གི་ལས་བྱ་བཀོད་སྒྲིག་དང་དག་བཅོས་ཐད་ཀྱི་ལབ་བརྡོལ།
བསེ་མགོན་པོ་རྒྱལ།
རྕོམ་ཡིག་འབྲི་སྦྱོང་བྱེད་པ་ནི་་སློབ་འབྲིང་སློབ་མའི་སྐད་ཡིག་གི་ཕྱོགས་བསྡུས་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐབས་མཆོག་ཞིག་ཡིན་པར་མ་ཟད། སློབ་འབྲིང་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་བྱུང་མིན་བརྟག་དཔྱད་ཀྱི་དཔྱད་ཆས་ཤིག་གམ། དགེ་སློབ་གཉིས་ཀྱི་བསམ་བློ་བརྗེ་རེས་བྱེད་པའི་གོ་སྐབས་ཡག་ཤས་ཤིག་ཏུ་འདོད།
དེ་ཡང་མཐོ་འབྲིང་སློབ་མའི་རྩོམ་ཡིག་གི་ལས་བྱ་བཀོད་སྒྲིག་གི་ཐད། སྐད་ཡིག་གི་རྨང་གཞི་དང་རྩོམ་ཡིག་འབྲི་བའི་མོས་པ། བསླབ་གཞིའི་རེ་འདུན་ལྟར། 1 རང་འདེམས་རྩོམ་ཡིག 2 རྩོམ་ལུས་དང་ཡིག་གྲངས་གཏན་ཁེལ། 3 ཁ་བྱང་དང་རྩོམ་ལུས་གཏན་ཁེལ་བཅས་ཆེ་ཁག་གསུམ་དུ་དབྱེ་ན་བཟང་བར་སེམས།
ཆེས་ཐོག་མར་སློབ་མའི་ཁྱད་ཆོས་སྔོག་འདོན་བྱེད་པའི་ཆེད་དུ་རང་འདེམས་རྩོམ་ཡིག་གི་ལས་བྱ་བཀོད་སྒྲིག་བྱས་ན་འགྲིག་པ་སྟེ། སློབ་གྲོགས་རང་ངོས་ནས་རང་གི་དགའ་ཕྱོགས་དང་ཁྱད་ཆོས་གཞིར་བཟུང་ནས་བྲིས་ན། བརྗོད་བྱ་དང་རྩོམ་ལུས། སྒྲིག་གཞི་སོགས་འདྲ་མིན་སྣ་ཚོགས་འབྱུང་བར་ཕུད་རྩོམ་ཡིག་གི་སྤུས་ཚད་ཅུང་ལེགས་གྲུབ་འབྱུང་ཐུབ། དགེ་རྒན་གྱིས་གོ་སྐབས་འདི་བེད་སྤྱད་ནས་སློབ་མ་རེ་རའི་རྩོམ་ཡིག་གི་ཁྱད་ཆོས་ལྟར་དཔྱད་འཇོག་གི་ཚིག་དུམ་འགའ་སྤེལ་བ་སྟེ། སྤྱིར་བརྗོད་བྱ་འདེམས་ཚུལ་སྐོར་ནས་བཟང་བསྟོད་བྱེད་པ། བྱེ་བྲག་ཏུ་རྗོད་བྱེད་ཀྱི་ཚིག་སྦྱོར་བཟང་བ་རྣམས་རྟགས་རྒྱབ་སྟེ་བསྟོད་པ། དེ་མིན་རྩོམ་སྟངས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་བསྟོད་པ་བཅས་བྱས་ཚེ། ཇི་སྐད་དུ། སྤྲོ་སྣང་ནི་ང་ཚོས་དགེ་རྒན་ཆེས་བཟང་བོ་ཡིན་ཟེར་བའི་དཔེ་ལྟར། སློབ་གྲོགས་རྣམས་ལ་རྩོམ་ཡིག་འབྲི་བའི་སྤྲོ་སྣང་འཕེལ་ཞིང་ཡིད་ཆེས་ལྡན་པར་འགྱུར།
བར་དུ་སློབ་མའི་རྩོམ་འབྲིའི་ཆུ་ཚད་རྒྱུས་ལོན་བྱེད་ཆེད་རྩོམ་ལུས་དང་ཡིག་གྲངས་གཏན་ཁེལ་གྱི་ལས་བྱ་བཀོད་སྒྲིག་བྱེད་པ་སྟེ། རྩོམ་ལུས་ལྷུག་རྩོམ་གྱི་སྐོར་དང་ཡིག་གྲངས(300-500)བར་བཀོད་སྒྲིག་བྱས་ཚེ། སློབ་གྲོགས་རྣམས་ཀྱི་རྩོམ་ཡིག་གི་བརྗོད་བྱ་མཚོན་ཚུལ་དང་ཚིག་སྦྱོར་སྤེལ་སྟངས། སུམ་རྟགས་དག་གསུམ་གྱི་འགྲོ་ལུགས་སོགས་རྨང་གཞིའི་ཆུ་ཚད་འཇལ་ཐུབ་ཅིང་། ཞོར་དུ་སློབ་གྲོགས་རྣམས་ཀྱི་ཞན་ཆའང་ངེས་སླ། འདི་ལྟ་བའི་རྩོམ་ཡིག་བཅོས་ཐབས་གཙོ་བོ་ནི་སློབ་མའི་རྩོམ་ཡིག་གི་ཞན་ཆ་འབུར་དུ་དོད་ནས་དཔྱད་འཇོག་མི་བྱེད་པར། ཡིག་ནོར་སླ་བ་རྣམས་ལ་སྒོར་རྟགས་རྒྱབ་ནས་བསྐྱུར་བ་དང་ཡིག་ནོར་དཀའ་བ་དག་བཅོས་བྱེད་པ། རང་གི་ཚིག་སྦྱོར་སྤེལ་སྟངས་དང་མི་འདྲ་ཡང་ནང་དོན་སྟོན་ཐུབ་ན་རང་སོར་འཇོག་པ། ཚིག་དོན་མི་འབྱོར་བ་ལ་རྟགས་རྒྱག་པ། བརྗོད་བྱ་སློབ་འབྲིང་སློབ་མ་དང་མི་མཚམས་པ་ལ་གསལ་བཤད་བྱེད་པ་སོགས་ཀྱི་བཅོས་ཐབས་སྤྱད་ན་འགྲིག་པར་སེམས།
མཐར་བསླབ་གཞིའི་རེ་འདུན་ལྟར་ཁ་བྱང་དང་རྩོམ་ལུས་གཏན་ཁེལ་གྱི་རྩོམ་ཡིག་གི་ལས་བྱ་བཀོད་སྒྲིག་བྱེད་པ་ནི་ཚད་གཞི་ཅུང་མཐོ་བའི་རྩོམ་ཡིག་འབྲི་སྦྱོང་གི་བརྒྱུད་རིམ་ཞིག་སྟེ། རྩོམ་ལུས་དང་བརྗོད་བྱ་གཏན་ཁེལ་ཡིན་པར་མ་ཟད། ཚིག་སྦྱོར་སྤེལ་སྟངས་དང་རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་ཚད་ལྡན་ཅན་དུ་བསྒྱུར་བའི་གོ་རིམ་ཡང་ཡིན་པར་འདོད། འདི་ལྟ་བུའི་རྩོམ་ཡིག་བཅོས་ཐབས་ལ་གཙོ་བོ། 1 རྩ་བའི་ཆ་རྐྱེན་ཚང་མིན། 2 བརྗོད་བྱའི་དོན་གྱི་འབྱིན་ཚུལ། 3 སུམ་རྟགས་དག་གསུམ་གྱི་ལུགས་ལ་འགལ་མིན་གསུམ་དུ་དབྱེ་ན་ལེགས་པར་སེམས།
འདི་ནི་བདག་གིས་རྩོམ་ཡིག་གི་ལས་བྱ་བཀོད་སྒྲིག་དང་བཅོས་ཐབས་སྐོར་གྱི་བསམ་གཞིག་ཙམ་ལས་ཚད་མར་མི་གནས་ཀྱང་། རང་དང་ལས་བསྐལ་འདྲ་བའི་དགེ་གྲོགས་རྣམས་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་གྱིས་སྤེལ་བར་དགེའོ།།
2011.9.23
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com