ཁ་ཕྲེང་གི་བསྟོད་གླུ།

རྩོམ་པ་པོ།:ལྗང་གཞོན་ཕུར་རྒྱན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-24 09:23:00 ཀློག་གྲངས།:


ལྗང་གཞོན་ཕུར་རྒྱན།

ཁ་ཕྲེང་གི་བསྟོད་གླུ།
          ལྗང་གཞོན་ཕུར་རྒྱན།
                        2009ལོའི་བོད་དགེ་འོས་གཉིས་པ།

ཁ་བའི་རྡུལ་གྱིས་བསྐོར་བའི་རྭ་བ་དེ། །
ཁ་དོག་དཀར་པོའི་མུ་ཏིག་དོ་ཤལ་བཞིན། །
ཁ་བ་སྤུངས་འདྲའི་སྤྲིན་དཀར་ལང་ལོང་འོག །
ཁ་ལྗོངས་བོད་ཀྱི་རང་བྱུང་ཨེ་མ་མཚར། །
 

ཁ་བའི་དུས་སུ་གངས་ལྷ་མེ་ཏོག་གིས། །
ཁ་དོག་མི་ཉམས་མཚར་སྡུག་ངོམ་པའི་ཚེ། །
ཁ་བཤད་ལག་བསྟར་ཕོད་པའི་གངས་ཅན་པས། །
ཁ་ཞེ་མེད་པར་དཔྱིད་ཀྱི་དུས་བཟང་བསུས། །
 

ཁ་གསོས་སྤང་ལྗོངས་སྟེང་དུ་སྦྲ་ནག་ཕུབ། །
ཁ་དོག་བཀྲ་བའི་སྤང་རྒྱན་ཚོམ་བུས་སྤྲས། །
ཁ་བ་རི་བོའི་བྱང་རྒྱུད་རྩྭ་ཐང་སྟེང། །
ཁ་བ་ལས་དཀར་གཡང་དཀར་མ་མོ་མཛེས། །


ཁ་ཁུ་སིམ་པའི་རྒྱ་ཆེའི་ཞིང་འབྲོག་ཁུལ། །
ཁ་འཆམ་ལོ་འབྲས་བདེ་སྐྱིད་འཚོ་བས་གཡོ། །
ཁ་འཕྲིན་འཕོ་འགྱུར་བྱུང་བའི་གཏམ་བཟང་རྣམས། །
ཁ་གསལ་གོ་བདེའི་ཆ་འཕྲིན་ཐོག་ཏུ་བཀོད། །
 

ཁ་གཏིང་མེད་པའི་ཞིང་འབྲོག་མི་དམངས་ཚོས། །
ཁ་ཞེ་གཉིས་མེད་རང་རེའི་བྱ་གཞག་བསྒྲུབས། །
ཁ་སྤྱོད་མཚུངས་པའི་བྱ་སྤྱོད་ངོ་མའི་ཐོག  །
ཁ་གཡེང་མེད་པར་ཐོན་སྐྱེད་བྱ་བར་བརྩོན། །
 

ཁ་དོག་ལེགས་ཤིང་རོ་བཅུད་ལྡན་པ་ཡི། །
ཁ་ལ་ཞིམ་པའི་ཆང་ཞིག་བཏུངས་ན་ཡང་། །
ཁ་ནས་ཆོས་ལྡན་ཞིང་ཁམས་སྐྱིད་ཚུལ་གསུངས། །
ཁ་ལྗོངས་བོད་ལ་བདེ་སྐྱིད་ཐོབ་ལུགས་སྨྲོས། །
 

ཁ་སྤུ་དཀར་པོར་གྱུར་པའི་རྒན་པོ་ཚོས། །
ཁ་འགྲོའི་ཟས་སྣ་ཟ་བཞིན་འཛུམ་དམུལ་ངང་། །
ཁ་རོག་མི་ཚུགས་དགའ་མགུའི་གཏམ་མང་གླེང་། །
ཁ་ཙམ་མིན་པར་འཚོ་བ་གསར་པར་མོས། །
 

ཁ་བའི་ལྗོངས་ཀྱི་ད་ལྟའི་རྣམ་གསར་འདིར། །
ཁ་ཤས་རྒྱུ་ནོར་དོན་དུ་བདེན་པ་འདོར། །
ཁ་ཤས་གཡོ་སྒྱུའི་ལམ་དུ་ཚོང་ལས་གཉེར། །
ཁ་ཤོབ་ཙམ་མིན་དཔེ་དོན་དུ་མ་འདུག  །
 

ཁ་བརྡའི་དོན་སྙིང་རིག་གནས་དྲིན་དུ་སེམས། །
ཁ་ཕྲེང་རྗོད་བྱེད་ཚིག་གིས་བདེན་པ་བཟུང། །
ཁ་མཁས་གཅམ་བུའི་སྒྲ་རེད་མི་སྙམ་ཞིང་། །
ཁ་བ་རི་པའི་བསམ་པའི་ཆ་ཤས་མཚོན། །
 

ཁ་སང་ཁ་ཉིན་ཟེར་ཞིང་དུས་ཐུང་བསྐྱོད། །
ཁ་གསལ་མི་ཤེས་ཤེས་རིག་སྣ་མང་ལྡན། །
ཁ་ལྗོངས་བོད་ཀྱི་མི་དམངས་དུ་མའི་ཆེད། །
ཁ་བའི་གདོང་དམར་རྣམས་ཀྱིས་བསམ་པར་མཛོད།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།