ཐོན་ཁར་འཆད་པའི་ཨ་ཕའི་སྙིང་གཏམ།

རྩོམ་པ་པོ།:རོང་སྨྱོན་རྣམ་སྲས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-21 09:45:00 ཀློག་གྲངས།:

རོང་སྨྱོན་རྣམ་སྲས།
རོང་སྨྱོན་རྣམ་སྲས།

         ཡིད་སྤྲོ་བས་བརྟས་པའི་དེ་ཉིན་ལ།། རེ་སྨོན་པ་མངོན་འགྱུར་བྱུང་ཉིན་འདིར། ། དྲིན་ཕ་མ་གཉེན་ཉེ་མཉམ་དུ་འདུས། ། བདག་ཤེས་མཚོ་འགྲིམ་པའི་སྐྱེལ་མ་བྱེད། ། བྱམས་བརྩེ་བ་ ཅན་གྱི་སྐྱེས་མ་ཡིས། ། སེམས་རབ་ཏུ་དགའ་བའི་མཆི་མ་གཏོང་། ། སྤུན་གཉེན་ཉེས་དགའ་འབོད་ཇེ་ཆེར་བྱེད། ། ཕ་བཀའ་སློབ་ཅན་གྱི་འཛུམ་ཞལ་སྟོན། ། སྐབས་དེ་དུས་ཞལ་ངོ་བདག་ལ་གཟིགས། ། རླབས་ཆེ་བའི་སྣང་བ་བདག་ལ་འཆར། ། གཟི་ཉམས་དང་ལྡན་པ་བདག་གིས་ཚོར། ། ཕ་དྲིན་པོ་ཆེ་ཡི་གསུང་དབྱངས་ཐོས། ། བློ་སྣང་བ་མ་གཡེང་ཚུར་ལ་ཉོན། ། རིགས་བཟང་པོའི་བུ་ཆུང་ཚུར་ལ་ཉོན། ། ཕ་ང་ཡི་སྙིང་ནོར་ཚུར་ལ་ཉོན། ། རྒྱུ་ནོར་བུའི་ལོངས་སྤྱོད་སྤྲོད་རྒྱུ་མེད། ། ཤ་རུས་པའི་རྒྱུད་པ་ཁྱད་འཕགས་ཅན། ། གཞན་སྨོན་པར་འགྱུར་བའི་ནོར་ཆེན་ཞིག།  ཕ་ཡབ་མེས་རྒྱུད་ནས་ཁྱོད་ལ་བསྩལ། ། ཆུང་བྱིས་པ་སྦར་མོ་གང་ཙམ་ནས། ། གོས་དྲོ་འཇམ་ཇེ་ལེགས་ཇེ་བཟང་གཡོགས། ། ཟས་ལྟོ་འབྲངས་ཇི་ཡོད་ཇི་ཞིམ་སྟེར། ། འགྲོ་མི་ཚེའི་ལམ་བུ་བསླབ་བྱས་བསྟན། ། ཁྱོད་མ་འོངས་འཚོ་ལམ་ཡངས་པའི་ཕྱིར། ། འཚོ་བརྟེན་པའི་ཞིང་ཆུང་བོགས་བཏང་སྟེ།། སྐྱེས་འཚོ་སའི་ལུང་ཆུང་བསྐྱུར་ཕྱིན་ནས། ། ཆ་རྒྱུས་མངའ་མེད་པའི་གྲོང་འདིར་ཡོང་། བཟོ་རིག་པའི་ལག་ཤེས་བརྟེན་བྱས་ནས། ། བགྲོད་ལམ་བུའི་ཟུར་སྣེ་གང་ཞིག་ཏུ། ། དབྱར་ཉི་མས་གདུང་ཞིང་ཆར་བས་བརླན། ། དགུན་གྲང་ངད་ལྡང་ཞིང་ཁ་བས་མནན། ། ཞོགས་སྔ་ལངས་ དགོང་མོ་ཕྱི་ཉལ་གྱིས། ། དཀའ་ངལ་དུབ་མང་མང་ཁྱད་གསད་དེ། ། སྒོར་སྒོར་ཟུར་ཙམ་ནས་རྩ་བཙུགས་ཤིང་། ། གཞན་མི་ལས་གནོང་འགྱོད་མེད་པར་བསྒྲུབས། ། ཡང་ཚུར་ལ་ཉོན་ཅིག་སྙིང་གི་བུ། ། ཤེས་རིག་པའི་རིན་ཐང་རྟོགས་པ་ཡིས། །ཁྱོད་ལོ་ངོ་དྲུག་ནས་སློབ་ལ་བཏང་། ། ཤེས་རིག་པ་ཡོན་ཏན་སློབ་པར་བཏང་། ། ལོ་ཉག་མ་བཅུ་གྲངས་འགའ་ཡི་ནང་། ། ཁོང་བཤེས་གཉེན་དམ་པའི་མཛུབ་སྟོན་འོག ། ཤེས་རིག་པའི་མཚོ་མོར་བརྐྱལ་རྩལ་སྦྱངས། ། ལས་དཀའ་ཐུབ་ཟེར་བ་ཅི་ནས་མྱང་། ། སྔོན་གནས་འདིར་མ་བྱོན་ལུང་ཆུང་བསྐྱངས། ། ཁྱོད་དེ་སྐབས་གོས་ཧྲུལ་སྣ་ལུད་ཅན། ། ཤེས་རིག་པའི་བདུད་རྩི་མྱང་རྒྱུ་ཅི། ། ཟོག་སེམས་ཅན་འཚོ་བའི་རྫི་བོ་རང་། ། དཔྱིད་ཞིང་ས་ཆུང་ངུར་རྨོ་འདེབས་དང་། ། དབྱར་ཞོར་ལས་ས་རྡོའི་ལས་ལ་བསྐུལ། ། སྟོན་ལོ་ ལེགས་བརྔ་འམ་ལོ་ཉེས་བརྡུ། ། དགུན་འབྲོག་སར་འགྲོ་འམ་རལ་ཐགས་བྱེད། ། དཔུང་ས་འཇུག་སྒས་པ་རྡོ་ཡིས་མནོན། ། ལས་དཀའ་ལས་སྡུག་ཡུས་འཆད་ས་མེད། ། ངལ་གསོ་བའི་གཟའ་མཇུག་དུས་ཆེན་དང་། ། རྒས་རྒན་ཡོལ་ཞུ་ཟེར་གང་ནས་ཡོང་། །ཟས་ཞིམ་རྒྱུ་ཇ་ཐང་སྐྱ་པགས་དང་། །གོས་ལེགས་ན་ནག་དྲེག་སྣམ་བུ་ཅིག ། ཚེས་བཟང་དུས་ཤ་དང་སྒོ་ང་ཟ། ། ནམ་རྒྱུན་དུ་མྱོས་བྱེད་ཆང་རང་འཐུང་། ། ལར་ད་ལྟ་ལྷ་ལྡན་ཞིང་ཁམས་སུ། །ཁྱོད་བྱམས་ལྡན་མ་དང་ཨ་ཕ་ངས། །དྲིན་ཆེན་པོས་གསོས་དང་ཁྱོད་རང་གི ། ཚེ་སྔོན་མའི་ལས་སམ་བསོད་ནམས་ཀྱིས། ། ཡུལ་ལུང་ཆུང་བྲལ་ནས་གནས་འདིར་བྱོན། ། བགྲོད་ལམ་བུ་དྲང་དང་ཟས་གོས་བཟང་། ། སྡུག་དཀའ་ལས་མི་མྱོང་སློབ་ལ་རོལ། ། འཚོ་ད་ལྟའི་བར་དུ་འཚོ་བ་སྐྱིད། ། ཡང་ཚུར་ལ་ཉོན་ཅིག་སྙིང་གི་བུ། ། སྔོན་འཚོ་བས་རྐྱེན་པས་ཨ་ཕའི་ལས། ། སྡུག་དཀའ་ཐུབ་མྱང་རྒྱུ་ཁོ་ན་ལས། ། ཤེས་རིག་པ་སྦྱོང་བའི་སྐལ་བ་བྲལ། ། གདོད་སློབ་ཆུང་མ་ཐོན་གོང་ནས་ལས། ། ལས་སྡུག་ལས་དཀའ་ཐུབ་ མྱོང་བར་ཕྱིན། ། ཕྱིན་ཕྱོགས་བཞི་ཡོངས་ལ་དཀའ་སྤྱད་ལས། ། ལས་ས་རྡོའི་ལས་ལ་སྐྱོ་བ་རང་།། འོན་ཁྱོད་དང་ཨ་ཕ་མི་འདྲ་བར། ། ཁྱོད་ཤེས་རིག་སྦྱོང་བའི་སྐལ་བ་ཐོབ། ། ལུས་དབང་པོ་ཚང་ལ་ཡན་ལག་བདེ། ། ཤེས་རིག་པ་འཕེལ་བའི་འོད་སྣང་བ་འཕྲད། ། སྐད་མི་འདྲ་བོད་རྒྱ་དབྱིན་གསུམ་དང་། །གཞུང་མི་གཅིག་འདྲ་མིན་སྣ་ཚོགས་ལ། ། དབྱེ་དབྱེ་འབྱེད་མེད་པར་རིག་པ་ཀུན།། བརྩོན་འབད་པ་ལྕག་གིས་སྐུལ་ནས་སྦྱོངས། ། ཤེས་རིག་པའི་གཞུང་ལ་སྦྱངས་སྦྱངས་ནས། ། རང་བློ་རིག་འཕེལ་ཞིང་བསམ་བཅོས་ཤིང་། ། གྲལ་མཉམ་པའི་གཞུང་ལས་མི་ཞན་བྱེད། ། སྐྱིད་འཚོ་བ་མུ་མཐུད་སྐྱིད་པར་འོང་། ། དུས་རྒྱུན་དུ་རྒན་བཀུར་གཞོན་གཅེས་དང་། ། དྲིན་ཕ་མར་བརྩི་དང་བླ་མར་བཀུར། ། དབུལ་ཕོངས་པ་རྣམས་ལ་སྙིང་རྗེ་བྱེད། ། གཞན་གནོད་པའི་གནབ་སེམས་གནོད་སེམས་སྤོངས། ། འཆད་འཆད་པའི་ཨ་ཕའི་སྙིང་གཏམ་འདི། ། སྙན་སྙན་པ་མེད་ཀྱང་སྙིང་གི་གཏམ། ། མཐོན་མཐོན་ཁར་མ་གསང་དྲང་པོའི་ཚིག ། ཡིད་ཡིད་ལ་བཞག་ནས་ནམ་འཕང་གཅོད།།།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།