མདང་དགོང་ཁ་བརྡ་བྱས་པ་དེའི་རྐྱེན་པས།

རྩོམ་པ་པོ།:ཟླ་བ་འོད་ཟེར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-17 09:29:00 ཀློག་གྲངས།:

མདང་དགོང་ཁ་བརྡ་བྱས་པ་དེའི་རྐྱེན་པས།
          
རྨ་ཆུའི་བུ་མོ་འབྲུག་མཚོ་ལ།

                                                                                         ཟླ་བ་འོད་ཟེར།

གྱེས་ནས་ཡུན་རིང་ཞིག་ལ་མ་ཐུག་པའི། །
སྙིང་མཐུན་རོགས་ལོ་ཞིག་ལ་གློ་བུར་དུ། །
མདང་དགོང་ཁ་པར་ལམ་ལས་ཐུག་པ་དེས། །
དེ་རིང་བདག་གི་སེམས་སུ་ཡང་ཡང་དྲན། །

 

གསེར་གྱི་སྐྲ་ལོ་ལྟག་པར་རབ་འཕངས་ནས། །
དྲང་ལྡེམ་གཟུགས་པོ་ལྟེམ་ལྟེམ་འགྲོ་མཁས་མ། །
བདག་མིག་ཁྱོད་ཀྱི་རྒྱབ་གཟུགས་ལ་ཅེར་ནས། །
ཡུན་རིང་ལུས་པའི་ངང་ཚུལ་ད་དུང་དྲན། །

 

གློ་བུར་ལམ་དུ་ཐུག་མ་ཐག་ཏུ་ནི། །
འཛུམ་པའི་མདངས་ཀྱིས་བདག་ཡིད་རྐུ་མཁས་མ། །
བདག་མིག་ཁྱོད་ཀྱི་ཞལ་རས་ལ་ཅེར་ནས། །
ཡུན་རིང་ལུས་པའི་ངང་ཚུལ་ད་དུང་དྲན། །

 

ལྷན་དུ་འཛོམས་ཉིན་རང་གཤིས་འཇམ་པའི་ངང་། །
མ་བཅོས་གཏམ་གྱིས་བདག་སྙན་འཕྲོགས་མཁས་མ། །
བདག་མིག་ཁྱོད་ཀྱི་བྱད་གཟུགས་ལ་ཅེར་ནས། །
ཡུན་རིང་ལུས་པའི་ངང་ཚུལ་ད་དུང་དྲན། །

 

ཇ་ཆང་ཁ་རུ་འཛོམས་པའི་ཉིན་དེ་ལ། །
བདག་གིས་ཁྱོད་ལ་ལྦུ་ཆང་ལན་གཅིག་དྲངས། །
ཁྱོད་ཀྱིས་ཆུ་བཞིན་འཐུངས་རྗེས་ཟུར་མིག་གི། །
མདའ་མོས་བདག་སྙིང་རྨས་པ་ད་དུང་དྲན། །

 

ཁྱེད་ཉིད་ཆང་གིས་ར་བཟི་གྱུར་པའི་ཚེ། །
བདག་གིས་བུ་ཆུང་ཇི་བཞིན་གཉའ་རུ་ཁུར། །
ཁྱེད་ཀྱིས་བཟི་གཏམ་སྣ་ཚོགས་བྱས་པའི་སྐབས། །
བདག་གིས་ཀུ་རེ་གཏམ་ལན་སྤྲད་པ་དྲན། །

 

དྲན་དྲན་མང་པོ་བྲིས་ན་གྲངས་ཀ་མང་། །
འབྲི་བའི་གོ་སྐབས་ཁོམ་ལོང་བདག་ལ་བྲལ། །
མདང་དགོང་ཁ་བརྡ་བྱས་པ་དེའི་རྐྱེན་པས། །
འགའ་ཞིག་ལས་མཚམས་ཤིག་ནས་ཐོལ་གྱིས་བྲིས། །

2012.8.29ཉིན་ཁྲིན་ཏུའུ་རུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།