སློབ་གསོ་མྱོང་མཁན་ཞིག་གི་འདུ་ཤེས།
སློབ་གསོ་མྱོང་མཁན་ཞིག་གི་འདུ་ཤེས།
བིས་ཐང་ཟླ་འོད།
དང་ཐོག་ང་ཚོ་འགྲོ་བ་རིགས་ཀྱི་སེམས་ཁམས་ནི་སྒྲིབ་བྱེད་ཀྱི་དྲི་མ་མཐའ་དག་དང་བྲལ་བའི་དྭངས་གཙང་གི་ངོ་བོའམ་འོད་གསལ་བའི་རང་བཞིན་དུ་གནས་པ་དང་། བྱེ་བྲག་ཏུ་ང་ཚོ་མི་ཞིག་ཡིན་པའི་ཆ་ནས་སེམས་སུ་རྣམ་རྟོག་གི་སྒྲོ་འདོགས་ཀྱིས་དབང་གིས་བཟང་ངན་སྣ་ཚོགས་ཤིག་འཆར་འོང་བ་དང་། དེའི་སྟོབས་ཀྱིས་ལུས་ཀྱི་རྣམ་འགྱུར་གྱི་ཀུན་སྤྱོད་ལའང་བཟང་ངན་སྣ་ཚོགས་ཤིག་ཆུ་ཡི་རླབས་རིས་ལྟར་འོང་བ་ནི་མཐོང་ཆོས་སུ་འདུག་གོ དེ་དག་གི་དོ་བདག་སྙིང་བོ་ནི་སེམས་ཀྱི་རང་བཞིན་དྭངས་གཙང་ལྷད་མེད་ཀྱི་ངོ་བོར་གནས་ཡོད་པ་དེ་ལ་སྒྲིབ་བྱེད་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་དྲི་མས་གཡོགས་པས་དེའི་ངོ་བོ་འོད་གསལ་བའི་རང་གཤིས་སུ་མི་མཐོང་བ་དང། རིམ་གྱིས་ངོ་བོ་དེ་བསླད་སྐྱོན་ཅན་དུ་ཕྱིན་པའི་ཤེས་བྱའི་གནས་ལུགས་ལ་བློ་མིག་ལྡོངས་པ་དང་། རང་ཉིད་ཀྱི་སེམས་ཁམས་དེ་ཡང་འབག་བཙོག་གི་རང་བཞིན་དུ་གྱུར་པས་མི་དང་མིའི་བར་ལ་གཞན་ཕན་ལྷག་བསམ་དང་ཡ་རབས་དྲང་བདེན་གྱིས་སྟོང་བ་དང་། རང་བྱུང་ཁོར་ཡུག་གམ་རི་སྐྱེས་སྲོག་ཆགས་ཀུན་ལའང་བརྩེ་བས་ཕོངས་པས་གནོད་སྐྱོན་ཁོ་ན་བཟོ་བའི་ངང་ཚུལ་ཅན་དུ་འགྱུར་འགྲོ་བའི་ཉེན་ཁའི་གཡང་འདི་ལས་གྲོལ་ཏེ་མི་བུ་རང་ཉིད་ཀྱང་ཀུན་ལ་ཕན་པའི་མི་ཞིག་དང་སྤྱོད་པ་དེ་ཡང་ཡ་རབས་མཚན་ལྡན་ཅན་དུ་འགྱུར་འདོད་ན་སློབ་གསོ་མྱོང་རྒྱུ་ནི་གལ་ཆེ་རུ་སྣང་ངོ་། །
སློབ་གསོ་ཞེས་པའི་ཐ་སྙད་དེའི་ངོ་བོ་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེན་ཡིན་པས་སློབ་རྒྱུ་རིག་གཞུང་མཚན་ལྡན་ཞིག་གི་བརྗོད་བྱ་བསླབ་ནས་རང་ཉིད་ཀྱིས་ཤེས་རྟོགས་བྱུང་བ་ལ་བརྟེན་ནས་ལྷག་བསམ་དང་དྲང་བདེན་གྱི་ཀུན་སྤྱོད་བཟང་བོ་ཞིག་གི་ནུས་པ་གསོ་དགོས་པ་ནི་ཏན་ཏན་རེད། སློབ་གསོ་བ་ཞིག་གི་ངོས་ནས་བཤད་ན་སེམས་ཕུགས་སུ་ལྷག་བསམ་གྱིས་ཕྱུག་པའི་སྒོ་ནས་སློབ་གསོ་བའི་མིང་བྱང་ལ་བདག་པོ་ཞིག་རྒྱག་དགོས་བསམ། སློབ་གསོ་མྱོང་བའམ་རིག་གནས་སློབ་མཁན་གྱི་དབང་དུ་བཏང་ན་ཡང་མི་བུ་རང་ཉིད་འཕྲལ་སེལ་ལྟོ་རྒྱབ་ཙམ་ཁོ་ན་འཚོལ་བའི་ཆེད་དུ་མ་ཡིན་པར་མི་རིགས་ཤིག་གི་བདེ་སྡུག་དེ་གང་ལ་རག་ལས་པའི་གནད་དོན་ལ་བསམ་མནོ་གཏོང་དགོས་པ་དང་། མི་རིགས་འདིའི་ཆོས་དང་རིག་གཞུང་དེ་མིན་ཡུལ་གྱི་གོམས་སྲོལ་སོགས་མ་ཉམས་པ་དེ་དག་ངོ་བོ་གོང་འཕེལ་དུ་འགྲོ་བའི་ཐབས་ལམ་དང་། ཉམས་པ་ཐམས་ཅད་སླར་གསོ་རུ་བྱ་བ་ཐུགས་ལ་བརྣགས་ནས་སློབ་གསོ་ཞིག་མྱོང་ན། ད་གཟོད་བྱ་བ་དེ་ཡང་རླབས་ཆེན་བྱ་བ་དང་། རྣམ་དཔྱོད་དེ་ཡང་མཐོ་རིམ་སྲོག་ཆགས་སུ་གཏོགས་པའི་མིའི་རྣམ་དཔྱོད་ཀྱི་ནུས་པའི་ངོ་བོ་གསལ་བར་བྱེད་པ་རེད། ང་ཚོ་མི་ཡིན་པའི་ཆ་ན་འཚོ་གནས་གང་ཞིག་ཏུ་སླེབས་ཀྱང་ཕན་ཚུན་ལ་བརྟེན་པའི་འབྲེལ་བ་ཞིག་ཆགས་ཡོད་པ་ལས་རང་དབང་བ་ནི་གཏན་ནས་མིན། དེའི་སྟབས་ཀྱིས་ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་དེ་ཡང་ལྟོས་ནས་འཇོག་པ་ལྟར་དགེ་རྒན་དང་སློབ་བུ་ཞེས་པའི་ཐ་སྙད་དེ་ཡང་ཡོན་ཏན་ལ་ལྟོས་ནས་འཇོག་དགོས་པ་དང་། དགེ་རྒན་དང་སློབ་མའི་བར་གྱི་འབྲེལ་བ་དེ་ཡང་ཤེས་ཡོན་གྱི་ངོས་ནས་ཏན་ཏན་འཇོག་དགོས་སྟབས། ལྷག་བསམ་གཞན་ཕན་གྱི་ཀུན་ནས་ཕྱུག་པའི་དགེ་རྒན་ནི་ང་ཚོ་མིའི་རིགས་ཀྱི་ཚེ་སྲོག་ལ་ཤེས་རིག་གི་འོད་སྣང་སྦྱིན་མཁན་ཡིན་པར་མ་ཟད། མ་འོངས་པའི་རེ་འདུན་སྟོན་པའི་སྒྲོན་མེ་ཡང་ཡིན་སྲིད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com