འགྱུར་མེད་རབ་བརྟན་གྱིས་བསྒྱུར་བའི་ལུག་ཚེ་ཐར་ཞེས་པའི་བརྩམས་སྒྲུང་།
ལུག་ཚེ་ཐར།
ཁྱོད་ཀྱི་སྐམ་རིད་ཀྱི་གཟུགས་པོ་དང་གཏིང་ལ་ལྷུང་བའི་མིག་ཟུང༌། ཧྲལ་ཧྲུལ་གྱི་གྱོན་ཆས། རྒས་འཁོགས་ཀྱི་རྣམ་པས་ངའི་སྨྲ་ལྕེ་བསྡམས།
མཐིང་མདོག་གི་སྐྲའི་ལན་བུ་ཁྱོད་ཀྱི་དཔྲལ་བར་དཀྲིས་ཤིང༌། ཡལ་ག་སྐམ་པོ་དང་འདྲ་བའི་གཡས་ལག་གི་མཛུབ་མོ་རྩུབ་པོ་དེས་ངའི་འགྲམ་པའི་རྒས་གཉེར་ཡོད་སར་བྱིལ་བས་དྲོད་སྣང་ཞིག་ངའི་ངོ་གདོང་ལ་ཁྱབ། ངས་ཡིད་སེམས་རབ་ཏུ་སྐྱོ་བའི་ངང་ཁ་གདངས་པ་ཙམ་གྱིས“ཁྱོད་ཇི་ལྟར་འདི་འདྲར་གྱུར་སོང”ཞེས་སྐྱོ་གདུང་གིས་དྲིས། ཁྱོད་ཀྱིས་མུན་དོང་དང་འདྲ་བའི་མིག་ཀོང་ལས་ཁྲག་དང་མཆི་མ་འདྲེས་མའི་ཐིགས་པ་འཐོར་ཞིང་ངག་འདར་ཞོར་དུ“ངས་དམྱལ་ཁམས་སུ་སྡུག་བསྔལ་ཚད་མེད་མྱོང་བཞིན་ཡོད”ཟེར་ཞིང༌། ཕྱུ་པའི་ཕུ་ཐུང་ཕུད་ཅིང་སྟོད་ཐུང་གི་ཐུ་སྣེ་གཅིག་ཡར་ལ་བརྫེས་སོང༌། ཨ་ཙི ། དཀོན་མཆོག་མཁྱེན། སུས་ཁྱོད་ཀྱི་འོ་འཛིན་ཟུང་བཅད་པ་ཡིན། ཤ་ཁྲག་མོག་པའི་རྨ་ཁ་རུ་ཤ་འབུ་ཕྲ་སྦོམ་གྱིས་འཚུབ་ལྷོང་བྱེད། དམར་མཚལ་གྱི་ཁྲག་རིལ་ས་ལ་གྲིལ་པས་རུལ་དྲི་བཙན་པོ་ཞིག་ངའི་སྣ་ལ་ཟུག ངའི་སེམས་ལ་ཞེད་སྣང་དང་འཚུབ་ཆ་སྐྱེས་ཤིང་ཞེ་གདུང་བའི་མིག་ཆུ་དབང་མེད་ཤོར། དེར་ཁྱོད་ཀྱིས“ཁྱོད་ཀྱིས་འཇིག་རྟེན་མི་ཡུལ་ནས་ངས་བསགས་པའི་སྡིག་ལས་བཤགས་པར་གསོལ་འདེབས་མང་བོ་བགྱིས་ཏེ།
ངས་གང་མྱུར་ངང་མི་ལུས་ལོན་པར་རོགས་རམ་གནང་བར་འཚལ”ཞེས་བཤད་བྱུང༌། ངས་ཁྱོད་ཀྱི་འཁྱག་རོམ་ལྟ་བུའི་ལག་པར་འཇུས་ནས་མིད་པ་རྣོང་ཞོར་རང་གི་བྲང་གཞུང་ལ་གླན་ཅི་ཐུབ་ཀྱིས་དྲག་ཏུ་འགུལ་བའི་སེམས་པས་ཁྱོད་ཀྱི་ལག་ཟུང་བསྲོ་བར་འདོད། དེ་དུས་ཁྱོད་ཀྱི་བཞིན་རས་ཡོངས་སུ་འཇིགས་སྣང་གིས་ཁེངས་ཏེ“ང་འགྲོ་རན་འདུག བྱ་སྐད་གྲག་པར་ཉེ”ཟེར། “ འདི་ནི་གྲོང་ཁྱེར་རེད། ད་སྐབས་ཁྱིམ་བྱ་གསོས་མེད། ཁྱོད་ཀྱིས་བྱ་སྐད་ཐོས་མི་ཐུབ། ”ངས་དེ་ལྟར་བཤད་མ་ཐག ཁྱོད་ཀྱི་ལག་ཟུང་ངའི་ལག་ནང་ལས་ཡལ་པར་གྱུར་ཅིང་ལུས་ཧྲིལ་བོ་དུད་སྨུག་བཞིན་མི་སྣང་བར་གྱུར། ངས་སྐད་ཆེན་པོས“བཟང་མོ”ཞེས་བོས། འབོད་སྒྲ་དེས་ང་གཉིད་ལས་བསླངས་དུས་ལུས་ཡོངས་སུ་རྔུལ་ཆུས་བརླན་པར་བྱས་འདུག མིག་ཕྱེ་བ་ན། མུན་པ་སྟུག་པོས་ང་ཡོངས་སུ་གཡོགས་འདུག་པས་ཅི་ཡང་མི་གསལ། སྙིང་གི་འཕར་ལྡིང་ནི་རྔ་རྡུང་བ་དང་གཉིས་སུ་མ་མཆིས། ང་ཙོག་པུར་བསྡད་དེ་གློག་སྒོ་ཐག་གེར་ཕྱེ་ཚེ། འཆའ་སྒམ་དང་གློག་བརྙན། ཚ་དེམ། ཤིང་ཕོར་སོགས་གློག་འོད་ཁྲོད་ཚེ་སྲོག་རྒྱས་པ་ལྟར་རྣམ་རིག་བཀྲ་བའི་ངང་ང་ལ་བལྟས་འདུག ཡིན་ནའང་ཁྱོད་ཉིད་མཐོང་ཡུལ་དུ་མི་སྣང་བར། ཤུལ་དུ་བདག་ལ་བཞག་པ་ནི་འཇིགས་རུང་གི་རྨི་ལམ་འཚུབ་པོ་དེ་རེད། མ་རེད། དེ་ནི་རྨི་ལམ་བཅོལ་མ་སྟེ། ཁྱོད་ཀྱིས་ང་ལ་བཅོལ་བའི་རྨི་ལམ་རང་རེད། ད་སྔོན་གྱི་སྣང་བ་དེ་ནི་དོན་དངོས་སུ་བྱུང་བ་དང་འདྲ་བར་དབུགས་འཚངས་ཏེ་ཕྱིར་དབྱུང་དཀའ། ང་འཚུབ་དྲགས་པས་ཕོ་བའི་ཟུག་གཟེར་བཟོད་དཀའ་བ་ལངས་པ་ལག་པས་མནན་ནས་དབུགས་རིང་ཤར་ཤར་འཐེན་དགོས་བྱུང༌། མ་འགྱངས་པར་ན་ཟུག་རིམ་གྱིས་འཇགས་ཟིན་ནའང༌། རྨི་ལམ་འཚུབ་པོ་དེས་ང་བཏང་མ་སོང༌།
ཁྱོད་འཇིག་རྟེན་དཀར་ངོགས་དང་བྲལ་ནས་ལོ་བཅུ་གཉིས་འདས་སོང༌། ཡིན་ནའང་ཁྱོད་ཀྱིས་ད་ལྟའི་བར་སྐྱེ་བ་ལེན་ཐུབ་མ་སོང༌། དེ་ནི་ངའི་ཡིད་ལ་ངོ་མ་འཁོར་མ་མྱོང་བ་ཞིག་ཡིན། ཁྱོད་འཇིག་རྟེན་འདི་དང་བྲལ་རྗེས། ང་སྔར་མུས་བཞིན་ཉིན་ལྟར་སྐོར་བར་འགྲོ་བཞིན་ཡོད་ལ། དུས་མཆོད་དང་འཕྲད་དུས་སྔར་ལྟར་མཆོད་མཇལ་ལ་འགྲོ་དགོས་ཤིང༌། གྲྭ་བཙུན་དང་སྤྲང་པོ་ལའང་སྔར་བཞིན་མཆོད་པ་དང་སྦྱིན་པ་བྱས་པ་ཡིན། དེ་ལྟ་ནའང་ངས་བསྒྲུབས་པ་དེས་ད་དུང་འདང་མ་སོང་ངམ། ཁྱོད་ཀྱིས་ད་བར་དུ་སྡུག་མྱོང་བར་ངའི་སེམས་ནས་ཤིན་ཏུ་བཟོད་པར་དཀའ། དེ་རིང་ཞོགས་པར་ང་གཙུག་ལག་ཁང་དུ་ཕྱིན་ནས་ཁྱོད་ལ་གསེར་ཡིག་དབུལ་བར་བྱ་ལ། དེ་ནས་ཕྱོགས་བཞིའི་ལྷ་ཁང་དག་ལ་མཆོད་མེ་བཞག་སྟེ། ཁྱོད་ཀྱིས་སྔ་མོ་ནས་མི་ལུས་ལོན་པར་གསོལ་འདེབས་ཀྱིས་རམ་བུ་འདེགས་ངེས་ཡིན། ད་ནི་ང་ལ་གཉིད་འདོད་སྤུ་ཙམ་ཡང་མི་འདུག་པས། སྒེའུ་ཡོལ་ཕྱེ་སྟེ་ཕྱི་ལ་རྒྱང་ལྟ་བྱས། ཕྱི་རོལ་ཡུལ་ནི་མུན་ནག་གིས་བཟུང་འདུག སྒེའུ་ཁུང་གི་ཤེལ་ངོས་སུ་ཤ་རིད་ཅིང་གཉེར་རིས་ཀྱིས་ཁེངས་པའི་ངོ་གདོང་རྒས་ཤིང་འཁོགས་པ་ཞིག་ཤར་འདུག དེ་ནི་ད་སྐབས་ཀྱི་ང་ཡིན། ང་འཆི་བདག་དང་འདི་འདྲར་ཐག་ཉེ་བས། མཚན་མོར་མལ་དུ་ཉལ་དུས་སང་ཉིན་གསོན་ཞིང་སད་རྒྱུ་ཡོད་མེད་ལ་ཐེ་ཚོམ་སྐྱེས། མི་ཧྲེང་ང་ལ་ཆགས་ས་དང་ཞེན་ཡུལ་ཅི་ཡང་མེད། ནམ་ཉིན་ཞིག་ལ་གློ་བུར་འཆི་བར་སྒུག་རྐྱང་ཡིན། ངས་མགོ་བོ་བཀྱགས་ནས་རྩིག་ངོས་ཀྱི་བཀལ་ཅོང་ལ་བལྟས་དུས་ཞོགས་པའི་ཆུ་ཚོད་ལྔ་པ་སྟེ། ནམ་ལང་བར་ད་དུང་ཆུ་ཚོད་གཉིས་ལྷག་འདུག ང་མལ་ལས་ལངས་ཏེ་ལག་པ་གཙང་མར་བཀྲུས་རྗེས། རང་འབབ་ཆུ་སྦུག་ལས་ཆུ་ཕུད་བཅུས་ནས་ཀུན་དགའ་ར་བའི་ནང་གི་ལྷ་ཚོགས་ལ་ཡོན་ཆབ་ཕུལ་ཅིང་སྤོས་བསྒྲོན། ལག་ཟུང་ཐལ་མོ་སྦྱར་ནས་དཀོན་མཆོག་གསུམ་གྱིས་ཐུགས་རྗེ་གཟིགས་ཏེ་ཁྱོད་ཀྱིས་སྔ་མོ་ནས་མི་ལུས་ཤིག་ལོན་པར་གསོལ་བ་བཏབ།
ངས་མཆོད་མེ་དང་ཁ་བཏགས། མཆོད་ཆང་སོགས་རས་ཀྱི་ལྟོ་ཕད་དུ་བསྡུས་རྗེས་སྒོ་ཕྱིར་བསླེབས། ལམ་སྒྲོན་གྱི་འོད་ཟེར་འོག་ང་གླིང་སྐོར་ལ་ཕྱིན། ལམ་དུ་ལོ་ན་ཅུང་བགྲེས་པའི་དད་ལྡན་པ་དག་གིས་ཕྱག་ཕྲེང་འདྲེན་ཞིང་ངག་ནས་ཁ་ཏོན་སྐྱོར་བཞིན་གོམ་སྟབས་ཡང་མོས་ངའི་འགྲམ་ནས་ཆས་འགྲོ། ཉིན་དཀར་གྱི་འུར་ཟིང་ད་ནི་མི་འདུག་སྟེ། གློ་བུར་རླངས་འཁོར་རེ་གཉིས་བྱ་འཕུར་བ་ལྟར་འགྲོ་བ་ཕུད། ཁ་ཏོན་གསོལ་འདེབས་གསལ་ལ་མི་གསལ་བ་རེ་ཟློ་བའི་སྒྲ་དབྱངས་ལྷང་ལྷང་འཕུར་བར་བྱེད། ཨེ། ངོ་མར་སྐབས་དེ་ནི་མི་དང་ལྷ་གཉིས་ཆེས་ཉེ་བའི་དུས་ཏེ། གསོལ་འདེབས་ཡོད་ཚད་སེམས་གཏིང་ནས་འཕྱུར་བས་ན། མི་སེམས་ཡང་ཆེས་དྭངས་གཙང་ལྷད་མེད་དུ་འགྱུར། ཁྱོད་ཀྱིས་ལྟོས་དང༌། མདུན་ཕྱོགས་སུ་སྐྲ་ལོ་དུང་ལྟར་དཀར་བའི་བགྲེས་མོ་དེས་གོམ་པ་རེའི་མཚམས་སུ་ཐོད་པ་རེ་ཐང་ལ་གཏུགས་ཏེ་བརྐྱང་ཕྱག་འཚལ་བཞིན་ཡོད་ལ། ཡང་མ་ཎི་འཁོར་ལོ་ཆེན་པོ་སྐོར་བའི་རྒད་པོ་དང་དེའི་རྗེས་སུ་འབྲངས་པའི་སྤྲོ་ཉམས་ལྡན་པའི་ཧྭ་པ་དེར་ལྟོས་དང༌། སྐོར་ལམ་དུ་དྲིལ་སྒྲ་སི་ལི་ལི་གྲག་ནས་འགྲོ། རྣམ་པ་དེ་དག་གིས་ངའི་སེམས་པ་ལྷོད་དུ་བཏང་ཞིང་རེ་བའི་འོད་ཟེར་ཞིག་མཐོང་བྱུང༌། བཟང་མོ། ཁྱོད་ཀྱིས་ཉོན་དང༌། ངས་སྐོར་ལམ་དུ་ཁྱོད་ཀྱིས་མི་ལུས་ལོན་པའི་ལམ་སྟོན་དུ་སློབ་དཔོན་རིན་པོ་ཆེ་ལ་གསོལ་བ་འདེབས་ཀྱིན་ཡོད། “དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། ། དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། ། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ། ། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། ...ཨོཾ་ཨཱ༔ཧཱུཾབཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ”
ཁྱོད་ཀྱིས་ལྟོས་དང༌། ནམ་མཁར་རིམ་གྱིས་སྐྱ་མདའ་བཏང་བྱུང༌། ཕོ་བྲང་པོ་ཏ་ལ་ནི་ངའི་མིག་ལམ་དུ་འགྱིང་ངེར་འགྲེང་འདུག རི་འདབས་ཀྱི་རྩེ་སྐོར་ལམ་ན་སྐོར་བར་འགྲོ་མཁན་དག་ཆུ་བོའི་རྒྱུན་ལྟར་མཚམས་ཆད་རྒྱུ་མི་འདུག གསོལ་འདེབས་ཀྱི་སྒྲ་དང་བསང་དུད་ནི་བར་སྣང་ཡོངས་ལ་ཁྱབ། རྩིག་འདབས་སུ་བསླངས་པའི་མ་ཎི་འཁོར་ལོ་དེ་དད་ལྡན་པས་བསྐོར་པས་ཙིར་ཙིར་གྲག ཐང་ཆད་པའི་ང་ནི་རྫོང་རྒྱབ་ཀླུ་ཁང་གི་འདུག་སྟེགས་ནར་མོའི་སྟེང་བསྡད་དེ། དད་ལྡན་པ་དག་གི་བྲེལ་ཚུབ་ཀྱི་རྒྱབ་གཟུགས་དང་དད་པའི་རྣམ་འགྱུར་ལ་བལྟས་པ་ཡིན། དེར་སྡོད་དུས་ངས་ཁྱོད་དྲན་བྱུང་། ང་གསོན་ཡོད་པ་ནི་ཅི་འདྲས་བསོད་ནམས་ཆེན་པོ་ཞིག་སྟེ། ང་ལ་རང་ཉིད་དང་ཁྱོད་ཀྱི་ལྟུང་བ་བཤགས་པའི་གོ་སྐབས་ཐོབ་ཡོད་པར་སེམས། གལ་ཏེ་གློ་བུར་འཆི་ཞགས་ཐེབས་ཀྱང་ང་ལ་འཇིགས་སྣང་ཡོད་མི་སྲིད། ཡུན་ཐུང་གི་མི་ཚེ་འདིར་ངས་འཆི་ཁའི་འཇིགས་པ་སེལ་བའི་ཤེས་པ་སྦྱངས་ཡོད། འཆི་བ་ལ་ང་འགྱོད་པ་དང་འཇིགས་སྣང་སྐྱེ་མི་སྲིད། དེ་ནི་ཚེ་ཡི་འཁོར་རིམ་ཞིག་རྫོགས་པ་རེད་མ་གཏོགས་དེ་ནི་མཐར་ཐུག་མ་རེད། རྣམ་ཤེས་མུ་མཐུད་དེ་རིགས་དྲུག་ཏུ་འཁོར་ཞིང་། སྒྲིབ་གཉིས་བྲལ་ཅིང་སངས་རྒྱས་ཐོབ་པའི་བར་དུའོ།། །ངའི་དྲན་སྣང་ཡང་ཇེ་གསལ་དུ་ཕྱིན་སོང་། ཡིན་ནའང་ཆུ་གག་ཅིག་གི་སྐད་སྒྲས་ངའི་དྲན་སྣང་ལ་བར་ཆད་བཏང་སོང་།
པོ་ཏ་ལར་ཞོགས་པའི་ཉི་གཞོན་གྱི་མཚམས་སྤྲིན་གསར་བས་ལེགས་པར་བརྒྱན་འདུག དེ་ནི་དུས་སྔ་རྒྱུ་མི་འདུག་པའི་རྟགས་ཏེ། ང་གཙུག་ལག་ཁང་དུ་མཆོད་མཇལ་དང་གསེར་ཡིག་བསྒྲོན་པར་འགྲོ་དགོས། གཙུག་ལག་ཁང་གི་ཚོམས་ཁང་དུ། དགེ་འདུན་པས་སྨྱུ་གུས་གསེར་ཆུ་དཀྲུག་བཞིན་ཤོག་བུ་དམར་པོ་ཕྲ་རིང་ཞིག་གི་ཐོག་ཏུ་ཁྱོད་ཀྱི་མིང་བྲིས་རྗེས། ཇོ་བོ་ཤཱཀྱ་མུ་ནེའི་མདུན་གྱི་མར་མེ་ཚེ་འབར་ནང་དུ་བསྲེགས། མཁའ་ལ་འཕྱུར་བའི་དུ་ཞག་ཁྲོད་དུ་ངའི་སྣང་བར་ཁྱོད་ཀྱི་ཉམ་ང་བ་དང་ཞོ་ཤ་ཡལ་པའི་བཞིན་རས་འཁོར་བྱུང༌། ངའི་བྲང་ཁོག་གློ་བུར་སྲ་མོར་གྱུར་ཅིང་དབུགས་དབྱུང་བ་ཡང་དཀའ་བའི་ཚོར་སྣང་བྱུང༌། དགེ་འདུན་པས“གསེར་ཡིག་བསྲེགས་ཚར། ཁྱོད་ཀྱིས་ཇོ་བོའི་མདུན་ནས་གསོལ་འདེབས་གྱིས་ཤིག”ཅེས་གསུངས་བྱུང༌། ངས་བྲང་ཁ་སྐྱོར་ཞོར་མཆོད་མེ་དགེ་འདུན་པའི་ཕྱག་ཏུ་སྤྲད་རྗེས། ལྕགས་དཀར་གྱིས་བཏུམས་པའི་སྐས་སུ་འཛེགས་ལ། ཁ་བཏགས་ཇོ་བོ་རིན་པོ་ཆེར་ཕུལ་ཏེ་མགོ་བོ་ཇོ་བོའི་ཞབས་གཡས་པར་གཏུགས་ནས་ཁྱོད་ཀྱི་སླད་དུ་གསོལ་བ་བཏབ་ཅིང་སྨོན་ལམ་བརྒྱབ།
དེ་ནས་ང་ཕྱོགས་བཞིའི་ལྷ་ཁང་སོ་སོར་ཕྱིན་ནས་ཆོས་སྐྱོང་སྲུང་མ་དག་ལ་གསེར་སྐྱེམས་དང་དངུལ་ཕུལ་པ་ཡིན། མཆོད་ཕྱག་ཡོངས་སུ་གྲུབ་དུས་ཉིན་གུང་གི་དུས་སུ་བསླེབས་འདུག དེ་དུས་ད་གཟོད་ང་ལ་ལྟོགས་ཤིང་སྐོམ་པའི་སྣང་བ་བྱུང་བས་ཇ་མངར་མོ་འཐུང་ས་ཞིག་ལ་ཕྱིན། དེ་རུ་ཕྱི་ཡུལ་ནས་ཕེབས་པའི་ཡུལ་སྐོར་པ་མང་བོ་ཡོད། ཁོ་ཚོས་འཁོབས་ཡངས་ལ་གློ་ཁུག་མང་བའི་གྱོན་ཆས་གོན་འདུག དེའི་ནང་གི་ཡུལ་སྐོར་དུ་ཡོང་བའི་གཞོན་ནུ་མ་ཞིག་ངའི་གན་དུ་བསྡད་དེ་མོ་དང་མཉམ་དུ་པར་བརྒྱག་དགོས་པའི་རེ་བ་བྱས་བྱུང་བར། ང་དགོད་ཞོར་དུ་མོས་མཐུན་བྱས། ངས་ཐུག་པ་དང་ཇ་འཐུངས་ཚར་དུས། ཡུལ་སྐོར་པ་དག་ད་དུང་སྣང་བ་སྐྱིད་པའི་ངང་ཁ་བརྡར་གཡེངས་འདུག དེ་དུས་ང་འཇམ་ཅག་གེར་གནས་དེ་དང་བྲལ་པ་ཡིན།
ང་ཇ་ཁང་ལས་ཕྱིར་བསླེབས་ཏེ་སྲང་ལམ་ཕྲ་མོ་ཞིག་བརྒྱུད་ནས་འགྲོ་དུས། ཀན་སུའུ་ཡི་ཕྱོགས་ཀྱི་སྐྱེས་པ་ཞིག་དང་ཕྲད་བྱུང༌། ཁོའི་གདོང་ན་སྨ་ར་ར་མའི་ཨག་ཚོམ་འདྲ་བ་ཞིག་འདུག་ཅིང༌། མགོ་ལ་ཞྭ་མོ་དཀར་པོ་གོར་ཞིང་ཟླུམ་པ་ཞིག་གྱོན་ཡོད་པར་མ་ཟད། ལག་ཏུ་ལུག་ཚེ་འཛུགས་བཞི་ཁྲིད་ཡོད་པས། ངས་ཁོ་ནི་ཤ་འཚོང་མཁན་ཞིག་ཡིན་པ་ཤེས་སོང༌། ཀན་སུའུ་པ་དེ་ངའི་འགྲམ་ནས་འགྲོ་དུས། ལུག་ཚེ་འཛུགས་གཅིག་གིས་འགྲོ་མཚམས་བཞག་སྟེ་ཁ་ཕྱིར་འཁོར་ཏེ་ང་ལ་བལྟས་ནས་འབའ་བྱུང༌། འབའ་སྒྲ་དེར་སྐྱོ་ཉམས་ཀྱིས་ཁེངས་འདུག ངས་ལུག་དེའི་གདོང་ལ་བསྐྱར་དུ་བལྟས་ཚེ། ངེད་གཉིས་ནི་འདྲིས་ནས་ཡུན་རིང་ཕྱིན་པ་དང་མཚུངས་པས། སྙིང་རྗེའི་སེམས་འགྱུ་ཞིག་གིས་ངའི་ལུས་ཧྲིལ་བོ་ཁྱབ་པར་བྱས། ཀན་སུའུ་པ་དེས་ཤུགས་ཀྱིས་མདུན་དུ་འཐེན་པ་ལ། ལུག་ནི་མིག་ཆུ་འདོན་བཞིན་མདུན་དུ་དྲུད། ཅི་ཡིན་མི་ཤེས་པའི་ངར་ཤུགས་ཤིག་གིས་ངས“ཝེ...... ”ཞེས་སྐད་བརྒྱབ།
ཀན་སུའུ་པ་དེས་སྔངས་ཚུབ་ཀྱིས་ཁ་ཕྱིར་འཁོར་ནས་ང་ལ་བལྟས་འདུག ང་སྔུན་ལ་བཅར་ནས“ལུག་འདི་དག་བཤའ་རྒྱུ་ཡིན་ནམ”ཞེས་དྲིས། ཀན་སུའུ་པ་དེས་བློ་ཞིབ་མོས“ཅི་རེད། འདིར་གནད་དོན་ཡོད་དམ”ཞེས་ཕྱིར་དྲིས་བྱུང༌། ངས་ཕྲེང་བ་སྐེ་ལ་བསྐོན་རྗེས་སར་བསྡད་དེ་ད་སྔོན་འབའ་བཞིན་པའི་ལུག་དེར་བྱིལ་བྱིལ་བྱས། ལུག་དེའི་ལུས་ཡོངས་འདར་སིག་སིག་བྱེད་ཀྱིན་འདུག་ལ། མིག་ནང་དུ་སྐྱོ་གདུང་དང་འཇིགས་སྣང་གིས་ཁེངས་པའི་མཚུངས་སུ། རིལ་མའང་རང་དབང་མེད་པར་འཆོར་གྱིན་འདུག་པས། ང་ལུག་དེའི་སྔངས་སྐྲག་གིས་ཡིད་བཀུག་ཅིང་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་པར་བྱས་པ་ལ། བཟང་མོའི་སྡིག་སྒྲིབ་བཤགས་པའི་ཆེད་དུ། ངས་མི་རིང་བར་བཤའ་ངེས་པའི་ལུག་དེ་ཉོས་ནས་ཚེ་ཐར་བྱ་དགོས་བསམས། ངས“དངུལ་ག་ཚོད་དགོས”ཞེས་དྲིས། “ཅི་ཞིག”ཀན་སུའུ་པ་དེ་ངའི་དྲི་བས་མགོ་ཅུང་འཐོམ་པར་བྱས་སོང༌། ངས་ཡང་བསྐྱར“ལུག་འདིར་དངུལ་ག་ཚོད་དགོས”ཞེས་དྲིས། “མི་བཙོང༌། ”“ངས་ངེས་པར་ཉོ་རྒྱུ་ཡིན། ངས་ཚེ་ཐར་དུ་གཏང་དགོས། ” ཁོ་བོས་དེ་ལྟར་བཤད་པ་ན། ཀན་སུའུ་པས་ཐོག་མར་ཧ་ལས་པའི་ངང་ང་ལ་བལྟས་ཙམ་བྱས་ཤིང་དེ་ནས་བསམ་གཞིག་གི་ཀློང་དུ་བྱིངས་སོང༌། མཚར་སྡུག་གི་ཉི་འོད་ཁོའི་བཞིན་ལ་ཕོག་པས་ངོ་གདོང་དམར་ལོག་ལོག་ཏུ་འདུག ཁོས“ངས་ཁྱོད་ཀྱི་འདོད་བློ་བསྐངས་ཆོག ཁེ་སྤོགས་མི་ཟ། སྒོར་སུམ་བརྒྱ་བྱིན་པས་ཆོག”ཟེར། ཁོའི་བསམ་བློ་འགྱུར་ཐུབ་པར་ང་དངོས་གནས་སྤྲོ་བོ་བྱུང༌། ངས་མྱུར་མོར་སྟོད་ཐུང་གི་གློ་ཁུག་ལས་དངུལ་བླངས་ནས་ཁོ་ལ་སྤྲད། ཀན་སུའུ་པས་དངུལ་སྟོད་ཐུང་གི་གློ་ཁུག་ནང་བསྡུས་རྗེས། ང་ལ་ཁྲིད་ཐག་སྤྲད་སོང་ལ། ཁོས་ལུག་གཞན་དག་ཁྲིད་ནས་བུད་སོང༌། “ ལུག་ཁྱོད་དང་ངེད་གཉིས་ལ་ལས་འབྲེལ་འདུག ངས་ཁྱོད་ཚེ་ཐར་དུ་གཏང་རྒྱུ་ཡིན། འདི་ནི་ཁྱོད་ཀྱིས་སྐྱེ་བ་སྔ་མ་སྔ་མ་ཞིག་ལ་ཚོགས་བསགས་པའི་འབྲས་བུ་རེད། ” ངས་རང་ཤུགས་ཀྱིས་ལུག་ལ་ཁྱོད་ཅེས་བོས། ཁྱོད་ཀྱིས་ངས་བཤད་པར་མ་ཉན་པར་ལུག་གཞན་དག་གི་རྗེས་སུ་འཐེན་ཞིང་འབའ། ཀན་སུའུ་པས་ཕྱིར་བལྟས་ཙམ་ཡང་མི་བྱེད་པར་ལུག་གཞན་དག་དང་མཉམ་དུ་སྲང་ལམ་ཕྲ་མོའི་སྣེ་རུ་ཡལ། ང་ནི་མི་རིང་བར་ཚེ་སྲོག་འཕོ་ངེས་ཀྱི་ལུག་དེ་དག་ལ་ཕངས་སེམས་སྐྱེས་པས་སྐེ་ནས་ཕྲེང་བ་བླངས་ཏེ་ལུག་དེ་གསུམ་པོའི་ཆེད་དུ་གསོལ་འདེབས་བྱས། ངེད་གཉིས་ཀྱི་ལུས་ལ་གསེར་མདོག་གི་ཉི་འོད་འཕྲོས་བྱུང་ཡང༌། ཉི་འོད་དེས་ངེད་གཉིས་ཀྱི་སེམས་གཏིང་གི་སྡུག་བསྔལ་མཐར་སྐྲོད་བྱེད་མ་ཐུབ། “ ངའི་ལག་གི་དངུལ་གྱིས་ཁྱོད་ལས་སྐྱོབ་མི་ནུས། ད་དུང་ངེད་གཉིས་ཀྱིས་འཚོ་བ་བསྐྱལ་དགོས་པར་འདང་རྒྱག་དགོས”ཞེས་བཤད། ཁྱོད་ཀྱིས་མགོ་བོ་ཡར་བཀྱགས་དུས། ངས་དྭངས་གསལ་མཆི་མས་བཀང་བའི་ཁྱོད་ཀྱི་མིག་ཟུང་མཐོང་བྱུང༌། ང་ཡང་བསྐྱར་གུམ་ཙོག་ཏུ་བསྡད་ནས། ཁྱོད་ཀྱི་བལ་དཀར་ཁ་ཆུ་ཤིག་པའི་ལུས་པོར་བྱིལ་བྱིལ་བྱས། ལུས་སྟེང་དུ་ད་དུང་རྩྭ་སྙིགས་དང་རྡོ་ཧྲུག་འབྱར་འདུག དངོས་གནས་ངོ་མཚར་བ་ཞིག་ལ། ངའི་ཀླད་པའི་ནང་བཟང་མོ་དང་ཁྱོད་གཉིས་གཅིག་ཏུ་འཁྲུལ། ཁྱོད་ཀྱི་ལུས་སྟེང་ནས་བཟང་མོའི་ལུས་དྲི་སྣོམ་ཐུབ་སྟེ། དེ་ནི་རྔུལ་དྲི་དང་དྲི་བསུང་འདྲེས་མའི་དྲི་ཞིག་གོ། ཡུན་རིང་བྲལ་པའི་དྲི་མ་དེས་ངའི་དབང་བོ་ལྔ་ལ་ན་ཟུག་བྱིན་ཏེ། ང་ཁྱོད་ལ་སྙིང་རྗེ་དཔག་མེད་སྐྱེས་སུ་བཅུག ངས་ངོ་གདོང་ཁྱོད་ཀྱི་བལ་གསེབ་ཏུ་གླན་ནས་སྤྲོ་དགའི་མིག་ཆུ་ཐོར། གཏིང་རིང་བའི་སྲང་ལམ་ཕྲ་མོ་འདིར་ངེད་གཉིས་ཕན་ཚུན་ལ་འཁྱུད། ང་ཤི་གསོན་འཕྲད་པ་འདྲ་བའི་ལས་དེར་དགའ་བའི་མཆི་མ་བཞུར།
ངས་ཁྱོད་ཁྲིད་ནས་བཞི་སྐོར་གྱི་ལྷས་རར་བསླེབས་དུས། ཁྱིམ་མཚེས་དག་གིས་ཡ་མཚན་པའི་ངང་ང་ལ་བལྟས་འདུག བྱིས་པ་དག་སྤྲོ་དགས་ཁེངས་བཞིན་བསྐོར་ཡོང༌། “སྤོ་ལགས། འདི་ནི་ཁྱོད་ཀྱི་ལུག་རེད་དམ། ”“ངའི་རེད། ”“ ཁོའི་ཅི་ཞིག་ཟ་བ་ཡིན”“རྩྭ་དང་སྔོ་ལྡུམ།” “…”
ཕྱི་དྲོ་དེར་ཁྱོད་ཀྱི་ཆེད་དུ། ངས་ཡུན་རིང་བསྒྲུགས་ཤིང་འདོར་མ་ཐུབ་པའི་གད་སྙིགས་ཡོད་དགུ་དོར་པར་མ་ཟད། སྒེའུ་ཁུང་འོག་གཙང་མར་ཐེངས་ཤིག་ཕྱགས། ཁྱོད་ཀྱི་སྐྱ་མདོག་གི་སྣ་ཁུང་རྒྱུན་མི་འཆད་པར་འགུལ་གྱིན་དོགས་པའི་མིག་གིས་ང་ལ་བལྟས་འདུག ངས“ཁྱོད་ལ་ད་ནི་གནས་ཚང་བཅས་ཟིན་པས། དེང་ཕྱིན་ཁྱོད་ཀྱི་ཚེ་སྨད་དེ་འདི་ནས་རྫོགས་པར་བྱ་དགོས”ཞེས་བཤད། ཁྱོད་ཀྱིས་ངའི་སྐད་ཆར་ཉན་ཡོད་ཀྱང་སྔར་བཞིན་ང་ལ་ཅེ་རེ་འདུག ངས་བསམས་ན་ཁྱོད་ཀྱིས་ངའི་སྐད་ཆའི་ཧ་གོ་མ་སོང་བ་འདྲ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com