བསེ་མགོན་པོ་རྒྱལ་གྱི་སྙན་ངག་ཚན་པ་འགའ།
ལེ་བདའ།
སྐད་ཅིག སྐད་ཅིག་ལ
བསམ་དབང་དང་དྲན་དབང་མེད་པར
ངའི་ཡུལ་ཕྱོགས་ཤིག་གི་ཡུལ་མི་སྤུན་ཟླ་ཚོ
བསྐལ་བའི་ས་འཇིགས་ཀྱི་འཆི་ཞགས་ལས་ཐར་མ་ཐུབ
འདི་ནི་དམུ་རྒོད་ཀྱི་གཤིས་ལ
གདུག་རྩུབ་ཀྱི་ཁ་དོག་མངའ་བའི
རང་བྱུང་འདུལ་སྦྱོང་སྨྲ་བའི་དཔྱད་འབྲས་དང
རང་གི་འཚོ་གཞིས་ཀྱི་བྲང་གཞུང་གཤེགས་པའི
འདོད་ཧམ་ཅན་གྱི་ཁེ་བཟང་ཡིན་ནམ
གློ་བུར གློ་བུར་དུ
ཡིད་ཚོད་དང་གྲ་སྒྲིག་མེད་པར
ངའི་ཡུལ་མི་མིང་སྲིང་ཚོས
དྭ་ཕྲུག་གི་ལས་དབང་གཉེར་དགོས་བྱུང
འདི་ནི་སྒེར་གཅོད་ཀྱི་གཤེད་གྲིའི་འོག་ན
འདོད་ཧམ་གྱི་སྐྱ་བ་བཏགས་པའི་ལག་རྗེས་དང
བྱམས་བརྩེ་ཡི་རྒྱུ་རྩ་བྲལ་བའི་རེ་བ་ཡིན་ནམ
མིའི་རིགས་ཀྱི་རྩུབ་སྤྱོད་ལ་ཚོད་འཛིན་མེད་ན
སྐྱེ་ཁམས་ཀྱི་འཁོན་ལན་ལ་སྙིང་རྗེ་ཅི་ལ་ཡོད
སྐྱེ་ཁམས་འཐབ་རྩོད་ཀྱི་ཆད་ལྟས
སྙིང་རྗེ་མེད་པའི་ས་ཡོམ་གྱི་བྱད་སྣ་དྲངས་ཏེ
ངའི་དྭངསས་གཙང་གི་ཁ་དབུགས་རྫོབ་སོང
ངའི་ཁྱིམ་གཞིས་ཀྱི་བདེ་སྐྱིད་བརླགས་ཟིན
ངའི་ཡ་ཆུང་གི་བརྩེ་བ་བཅོམ་ཚར
ངའི་སེམས་ཀྱི་དགུ་ཚིགས་འཇའ་མོ།
ངའི་དག་ཞིང་ལ་སྟར་བའི་དགུ་ཚིགས་འཇའ་མོ
ལོ་ཟླའི་ཕྲེང་ཞགས་ལ་རྒྱུས་པའི་རེ་སྒུག་གི་གོ་རིམ
དམ་པའི་སེམས་ཉིད་སྲུང་བ་བཞིན
སྒོ་ཁྱིས་ལྷས་ར་སྲུང་བ་བཞིན
སོ་ལྟ་དང་གཟབ་ཉན་གྱི་གཏམ་རྒྱུད་བཞུར
ངའི་ཁ་སང་གི་བསམ་བློའི་འབབ་ཚིགས་རེ་རེར
སང་ཉིན་ལ་ཕྱོགས་པའི་བརྗོད་བྱ་མོད་ཅིང
ཚགས་སུ་སྒྲིག་པའི་ལུགས་འབྱུང་གི་རྨི་ལམ་ལ
འཇའ་ཚོན་ལྟ་བུའི་ཕུགས་བསམ་གྱི་ལེའུ་མང་མང་འཁོར
ངའི་དེ་རིང་གི་དྲན་པའི་རྒྱབ་ལྗོངས་ན
ཁྱོད་རང་སྒོམ་པའི་འཚོལ་བགམ་གྱི་བ་དན་རླུང་གིས་སྐྱོད
ཁ་བ་དབེན་པའི་ནང་ལོག་ན་འབྲོང་གཡག་མེད་པར་ཡིད་མ་ཆེས
ཐན་པ་མོད་པའི་སྒང་བོད་ན་གཡུ་འབྲུག་མེད་པར་བློ་མ་ཕམ
སྲིད་ན་མི་སྲིད་ཟེར་པ་རྫུན་རེད
འདོད་ལ་མི་འདོད་ལན་པ་རྫུ་རེད
གླེང་མི་འདོད་པ་ཨུ་ཚུགས་ཀྱི་གནས་ལུགས་དང
འདོར་མི་ཐུབ་པ་བརྩེ་དུང་ཀྱི་སླུ་བྲིད་བཞིན
རང་དབང་ལ་ཅེར་བའི་མིག་ཟུང་གི་སྣེ་མོ་ན
བསྐལ་བ་སྟོང་གི་རེ་བཞག་གི་གདུང་འབོད་རེ་རེ་ཡོད
ངང་སྒུག་གི་གོ་རིམ
ཀ
ཁེར་རྐྱང་གི་བགྲང་བྱ་ག་ཚོད
དྲན་གདུང་གི་མིག་ཆུར་སྟར་བ
གནམ་སའི་བར་གྱི་གསང་བ་ཡིན་ལ
ཤོར་བཞིན་པའི་མཛེས་པ་མཐའ་དག
ཐོབ་འདོད་པའི་ནོར་བུར་གཏུམས་དོན
ང་རང་གི་གཤིས་ཀ་ཡིན
བློས་བཏང་བའི་མེ་ཏོག་གི་འཇིག་རྟེན་ན
ངའི་རེ་བཞག་གི་སྐྲ་ལོས་སོག་འདབ་མནན་ཅིང
ལང་ཚོའི་རི་མོ་ཁད་ཀྱིས་གཡོགས
ཁྱོད་ཀྱིས་ཕྱི་མིག་ཀླུང་ལ
མཛེས་སྡུག་གི་དྲན་ཤིང་འཇོག་ཕོད་ན
ཞེན་ཆགས་ཀྱི་ཁུར་བོ་ལྕི་བས
ང་རང་གི་སེམས་པ་རྟོགས་ན་འགྲིག
ཁ
དམིགས་པ་གཅིག་གི་ཆུ་བོ་སྡོམ་མ་པ་ནས་བཟུང
གྱེས་ཞག་མ་ཞུས་པར་ཁྱོད་རང་བཞུད་པའི་བར
ང་རང་ཁྱོད་ཀྱི་ནུ་བོ་ཡིན་ཡང་ཆོག
ཁྱོད་རང་བདག་གི་རྨི་ལམ་མཛའ་མོ་ཇི་བཞིན
ངའི་རྨི་ལམ་གྱི་མཁའ་དབྱངས་རྒྱན་ཅིང
གླེང་འདོད་པའི་སྐད་ཆ་རེ་འགའ
དུས་གཏན་དུ ངའི་སྙན་ངག་གི་སྲོག་རྩར་སིམ
ད་དུང་ངའི་ཐོས་འཛིན་གྱི་བུ་ག་ན
“ང་རང་བུ་མོ་འཁྲལ་མེད་ཅིག་མིན་་་་་་མིན”སོགས་ཀྱི
རོལ་དབྱངས་སྙན་མོ་ཞིག་གིས་སེམས་གསོ་སྟེར
རེ་བའི་མིག་ཟུང་གི་ཆུ་མགོ་སྐམ་རག་བར
ངས་ཁྱོད་དང་ལྷན་འཛོམས་ཀྱི་ཉིན་མོ་ལ
ཉིན་ཞག་གི་ཕྲེང་བ་ལྟེངས་ནས་རེ་ཞིང་སྒུག
ག
ཉིན་དེར འགྲོ་འོང་གི་བཞུར་རྒྱུན་ཁྲོད་ནས
ཁྱོད་ལ་མིག་འདྲིས་སུ་སོང་བས
ངའི་རྒྱབ་གཟུགས་བཟུང་བ་དཀའ་དྲིན་ཆེ
འུ་གཉིས་ཀྱི་ལས་དབང་ལ་འཁྱུད་པའི་རྒྱ་སེ་མེ་ཏོག
སྟོན་མཇུག་གི་སྡོང་ལོ་དང་འདྲིལ་ཏེ
ངའི་སེམས་ངོས་སུ་ཟགས་ཤིང
སྙན་ངག་གི་མིག་ཆུས
སེམས་ཅན་གྱི་ཞིང་ས་བརླན་ཞོར
ཁྱོད་ཀྱི་ཐོབ་ཤོར་དང་འཛུམ་མདངས་རྒུམ་མཁན
བྱ་ནེ་ལེ་དེ་ང་ཡིན་པ་སུ་ཞིག་གིས་ཤེས
- 
							暂无相关信息roking						
 
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com





										
										
										
										
                                        
                                        
                                        
                                        
                                        
										
青公网安备63252102000006号