ཤ་བོ་རྒྱལ་གྱི་སྙན་རྩོམ་གཅེས་ཕྲུག་ཅེས་པའི་ལེའུ་འགའ།

རྩོམ་པ་པོ།:ཤ་བོ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-04 09:32:00 ཀློག་གྲངས།:

གཅེས་ཕྲུག
               ཤ་བོ་རྒྱལ།

མངལ་དུ་ཆགས་པའི་ལེའུ།

ནམ་མཁའི་སྐར་མ་ཞིག་མི་ཡུལ་དུ་འཕོས་སོང་།
གཅེས་ཕྲུག་ཁྱོད།
ཨ་མའི་མངལ་དུ་ཕེབས་ཟིན་པ་ཡིན་ནམ།
མ་ཡུམ་གྱི་མངལ་ནི་སྐྱིད་པའི་ཕོ་བྲང་སྟེ།
གནས་དེ་ནས།
མཐོ་སྒང་གི་རོ་བརྒྱ་མ་ལུས་ཁྱོད་ཀྱི་ཁམས་སུ་འཐིམ་ཞིང་སིམ།
དེ་བས་ཁྱོད་ནི་ཁ་བ་དཀར་པོ་ཞིག་མ་ཡིན་ནམ།
ཁ་བ་དཀར་པོ་དེ་ནི་ཇི་འདྲའི་དཀར་ཞིང་གཙང་ལ་སྙིང་དུ་སྡུག་ངེས་ཨང༌།


རེ་སྒུག་གི་ལེའུ།

ཟླ་དགུ་ཞག་དགུ་འགོར་སོང་ནའང༌།
དུས་ཚོད་མ་ལུས་གཏན་དུ་འཇགས་པ་ཡིན་ནམ་ཅི།
སྙིང་ཉེ་བའི་འོ་ལོ་ཁྱོད་གཉིད་དུ་ཡུར་བ་ཡིན་ནམ་ཅི།

གཅེས་ཕྲུག་ཁྱོད
ཨ་མའི་འབྱམས་ཀླས་ཀྱི་རྩྭ་ཐང་ན་འབབ་པའི།
ཟུངས་ཁྲག་གི་གཙང་བོ་བརྒྱུད་ལ་ཕྱིར་ཕེབས་ཤོག་ཡཱ
རེབ་གོང་ཟེར་བའི་ཡུལ་ཚོ་འདི་ན།
ང་ཚོས་བཀྲ་ཤིས་པའི་ལོ་ལོ་ཁྱོད་ལ་རེ་ཞིང་སྒུག་ཡོད།


བཙས་པའི་ལེའུ།

ཨེ་མ་ཁྱོད་ནི་ད་གཟོད་བདག་གི་གཅེས་ཕྲུག་ཡིན་ནམ།
མ་ཡུམ་ནི་ཡངས་པའི་ནམ་མཁའ་སྟེ།
མཚམས་སྤྲིན་དམར་པོས་ཞོགས་པའི་མཁའ་མཐའ་བརྒྱན་སོང༌།
ཁྱོད་ཉིད་འདི་ཡི་ཀློང་ནས་ཡར་འཕགས་ཤིང༌།
འོ་ལོ་ཁྱོད་གངས་ལྗོངས་ཟེར་བའི་ཡུལ་གྲུ་འདི་རུ་བསླེབས།

 
གངས་ལྷ་མེ་ཏོག་འདྲ་བའི་གཅེས་ཕྲུག་ཁྱོད།
ང་ཚོས་སེམས་དང་ལག་པས་བཏེགས་ནས།
ཇོ་མོ་གླང་མའི་གངས་རྡུལ་གྱིས་ཁྱོད་ལ་ཁྲུས་གསོལ་བྱས།


ཀྱ་ཙེ་གོམ་ཙེའི་ལེའུ།

ཨ་མའི་དཔྱིད་ཀྱི་ནུ་ཞོ་གཅེས་ཕྲུག་གི་འབྱུང་ཁམས་སུ་འཐིམ་ཞིང་སིམ།
ཁྱོད་ནི་མཐོ་སྒང་གི་རྩྭ་ཕྲན་ཆུང་ཆུང་ཞིག་སྟེ།
མ་ཡུམ་གྱི་པུས་མོར་ཁེན་ནས་འགྱེལ་རེས་དང་ལངས་རེས་བྱས།


དུས་ཚོད་ཀྱི་གཙང་བོའི་ངོགས་ནས།                                                                                      
ཁྱོད་དལ་བ་དལ་བུར་ཡར་འགྲེང་ཞིང༌།
སྔོ་ལྗང་གི་གསོམ་ཕྲུག་སྡོང་བུ་ཞིག་དང་ཇི་འདྲའི་མཚུངས་ཨང༌།
འོ། རླུང་འདི་ནི་ཉན་མི་ཚར་བའི་སྲིད་པའི་གདངས་དབྱངས་ཤིག་ཡིན།


ནར་སོན་གྱི་ལེའུ།

སྤྲིན་པ་ལྡང་ཞིང་ཆུ་བོ་བཞུར།
གཅེས་ཕྲུག
ཨ་ཕ་ཁྱོད་ཀྱི་ལག་མགོར་འཇུས་ཡོད་ནའང༌།
ཁྱོད་ཀྱི་རྐང་གཞས་གཉིས་དེ་ལྟར་བརྟན་པོར་འགྲེང་སྟེ།
ཁྱོད་ཀྱི་མིག་འོད་ནམ་མཁའི་མཐའ་རུ་ཤོར་སོང༌།

 
ཁྱོད་ཀྱིས་ཅི་ཞིག་མཐོང་བ་ཡིན་ནམ།
ཁྱོད་ཀྱིས་ཅི་ཞིག་ཚོར་བ་ཡིན་ནམ།
བདག་སེམས་ཅི་ནས་ཀྱང་བདེ་ལ་འབབ་ཐུབ་བྲལ་ཏེ།
རྒྱང་འཕུར་གྱི་ཁྲུང་ཁྲུང་ཞིག་ཏུ་སྤྲུལ་ནས།
ནམ་ཞིག་ཁྱོད་ཀྱང་ཐག་རིང་གི་གནས་དེར་འཕུར་སྲིད་ཨང༌།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།