བཀའ་པོད་རྣམ་ལྔའི་བསླབ་བྱ་བཻཌྰུརྱ་དཀར་པོའི་དོ་ཤལ།
སྟོབས་བཅུའི་དཔལ་མངའ་ལོངས་སྤྱོད་རྫོགས་པའི་སྐུ།།
ཡེ་ཤེས་ལྔ་ལྡན་སྣང་སྟོང་སྒྱུ་འཕྲུལ་གར།།
བྱེ་བ་ཕྲག་བརྒྱའི་ཞིང་གི་དཔལ་གྱུར་པ།།
ཐུབ་དབང་རྒྱ་མཚོས་དེང་འདིར་དགེ་ལེགས་སྩོལ།།
རབ་འབྱམས་མདོ་རྒྱུད་བཅུ་གཉིས་ནོར་འཛིན་གཞིར།།
རྣམ་དཔྱོད་འཁོར་ལོའི་སྟོབས་ཀྱིས་དབང་བསྒྱུར་ཞིང་།།
བཅུ་ཕྲག་རིག་པའི་མཛོད་ལ་མངའ་བརྙེས་པ།།
ཁྱབ་བདག་འཁོར་ལོའི་མགོན་པོར་སྙིང་ནས་འདུད།།
བསོལ་ལྡན་ར་བས་བསྐོར་བའི་སྨན་ལྗོངས་འདིར།།
འཇམ་མགོན་མདོ་སྔགས་བསྟན་པ་པད་དཀར་མཚོར།།
བློ་གྲོས་འདབ་ཟུང་ལྡན་པ་འཁོར་ལོའི་ལག།
ལུང་རིགས་བྱེ་བའི་གར་གྱིས་རྩེན་པར་རིགས།།
སྲིད་པའི་རྒུད་པ་དྲུངས་ནས་འབྱིན་པ་ལ།།
དེ་རྒྱུ་ལས་དང་ཉོན་མོངས་བཟློག་པ་དགོས།།
དེ་ཡང་སྤང་བྱ་སྤོང་བྱེད་སྤངས་པའི་ཚུལ།།
ཇི་བཞིན་རང་གིས་རྟོགས་ལ་རག་ལས་ཤིང་།།
དེ་དག་ཤེས་བྱེད་རྒྱལ་བའི་བསྟན་པ་ལ།།
གཞན་ལ་དབེན་ཕྱིར་སྔོན་བྱོན་མཁས་རྣམས་ཀྱིས།།
མདོ་རྒྱུད་གཞུང་ཀུན་སྦྱངས་པའི་ཡང་རྩེ་རུ།།
མཛད་པའི་རྒྱུ་མཚན་ཡང་དག་དེ་ལྟ་མོད།།
བློ་གྲོས་སྣང་བ་གསར་དུ་བཞད་པའི་ཚེ།།
བླང་དོར་རྣམ་དཀར་བསྒྲུབས་ལ་མ་བརྩོན་ན།།
ན་རྒ་འཆི་བའི་སྨག་ཏུ་ཚུད་པའི་ཚེ།།
ལས་ཀུན་མཐུ་མེད་ཚུལ་ཀུན་མཁྱེན་པར་མཛོད།།
དཔལ་ལྡན་ཟབ་ཡངས་མདོ་རྒྱུད་རྒྱ་མཚོ་ཆེ།།
རྣམ་དཔྱོད་རི་ཡིས་བསྲུབས་པ་ལས་བྱུང་བའི།།
སྐྱེ་དགུའི་རྨོངས་མུན་སེལ་བའི་དཔལ་དུ་ཤར།།
དལ་འབྱོར་རྟེན་བཟང་གྲུ་ཆེན་ལ་བརྟེན་ནས།།
ཟབ་རྒྱས་གཞུང་ལུགས་རྒྱ་མཚོའི་འཇིངས་བརྒལ་ཏེ།།
དྲི་མེད་ལུང་རིགས་ནོར་བུའི་འཕྲེང་མཛེས་རྣམས།།
རྣམ་དཔྱོད་མགྲིན་པ་མཛེས་པའི་རྒྱན་དུ་བཞེས།།
ཤེས་བྱ་རིག་པའི་གཞུང་ལུགས་འབྱམས་ཀླས་ཤིང་།།
སྙིགས་དུས་སྐྱེ་བོའི་ཚེ་ལ་ལོང་མེད་པས།།
སྣ་ཚོགས་ཤེས་བྱའི་ཡུལ་ལ་མི་འཁྱམས་པར།།
བཀའ་པོད་རྣམ་ལྔ་དོན་གྱི་སྙིང་བོར་མཛོད།།
ངོ་མཚར་དགག་སྒྲུབ་རི་མོ་འབུམ་བཀྲ་བའི།།
བསྡུས་གཞུང་རིགས་ལམ་གསེར་གྱི་ལྡེ་མིག་གིས།།
གཙུག་ལག་ངག་གི་སྒོ་བརྒྱ་རབ་ཕྱེས་ཏེ།།
མདོ་རྒྱུད་རིན་ཆེན་མཛོད་དུ་འཇུག་པར་འཚལ།།
རིགས་པའི་སྤྱན་སྟོང་ཐུབ་བསྟན་མཁས་ལ་གཡོ།།
འཐད་སྒྲུབ་ལུས་དཀར་སྟེང་དུ་རབ་འགྱིངས་ཤིང་།།
དགག་སྒྲུབ་རྩེ་བརྒྱས་རྒོལ་ངན་ལྷ་མིན་དཔུང་།།
ཕམ་མཛད་ཚད་མའི་ལྷ་དབང་གཙུག་གིས་བསྟེན།།
བཀའ་བསྟན་གཞུང་ལུགས་ཆུ་གཏེར་དབུས་ན་ཟབ་རྒྱས་གསེར་རིའི་མུ་ཁྱུད་འཛིན།།
དོན་བཟང་བདུན་ཅུའི་རིན་ཆེན་ལས་གྲུབ་རྣམ་བཞི་སྦྱོར་བའི་བ་གམ་འཕགས།།
མི་ཕམ་འཇམ་མགོན་ལེགས་བཤད་ཉི་ཟླའི་ལུང་རིགས་འོད་ཀྱི་གོས་བཟང་བགོས།།
སྐུ་གསུམ་དབང་བོའི་དོ་ཤལ་གྱིས་མཛེས་རྒྱལ་ཡུམ་ལྷུན་པོར་བསྟེན་འཚལ་ལོ།།
དུས་གསུམ་རྒྱལ་བ་མ་ལུས་གཤེགས་པའི་ཤུལ།།
རྒྱལ་སྲས་གཞོན་ནུ་བྱེ་བ་རོལ་བའི་གནས།།
རབ་འབྱམས་མདོ་རྒྱུད་ཀུན་གྱི་རབ་དང་ཕུལ།།
ཤེར་ཕྱིན་གཞུང་བཟང་སྦྱང་བའི་ཡང་རྩེར་མཛོད།།
རྒྱལ་བསྟན་ལྷ་ལམ་ཡངས་པའི་མཛེས་རྒྱན་ལུང་རིགས་འོད་བརྒྱའི་དྲ་བ་ཅན།།
ལྟ་ངན་མུན་པའི་གོ་སྐབས་འཕྲོག་མཛད་སྲིད་པ་གངས་ཀྱི་རི་བོ་བསྙིལ།།
ཐེག་གསུམ་འདབ་བརྒྱ་བཞད་པའི་གཉེན་གཅིག་དབུ་མའི་ལུགས་བཟང་འོད་སྟོང་ཅན།།
ལོ་པཎ་ཐུགས་བསྐྱེད་རྟ་ལྗང་ཤུགས་ཀྱིས་བོད་ཡུལ་བསྟན་པའི་དཔལ་དུ་ཤར།།
སྲིད་གསུམ་རྨོངས་པའི་མུན་པ་དྲུང་ཕྱུང་ནས།།
ཐེག་གསུམ་ཐར་བའི་ལམ་བཟང་ཟབ་མཛད་པ།།
དུས་གསུམ་མཉམ་ཉིད་དབུ་མའི་ལུགས་བཟང་ལ།།
སྒོ་གསུམ་གུས་པའི་འབད་པ་ཆིག་དྲིལ་མཛོད།།
རྣམ་མང་ཤེས་བྱའི་ཡལ་འདབ་རབ་རྒྱས་ཤིང་།།
རྨད་བྱུང་ལམ་བཟང་འདབ་བརྒྱས་རྣམ་པར་མཛེས།།
ཐེག་གསུམ་འབྲས་བཟང་ཁུར་གྱིས་དུད་པ་ཡི།།
ཆོས་མངོན་དཔག་བསམ་ལྗོན་པ་བསྟེན་པར་འཚལ།།
མཁས་དབང་གདེངས་ཅན་བྱེ་བའི་འཇུག་ངོགས་སྐུ་གསུམ་རིན་ཆེན་འབྱུང་གནས་ཆེ།།
བག་ཡོད་མུ་ཁྱུད་བརྟན་པོར་རབ་བརྟེན་གཞི་གསུམ་དགོངས་པའི་ཕ་མཐའ་བྲལ།།
བླང་དོར་རླབས་འཕྲེང་མཁའ་ལ་འཕྱོ་བའི་མུ་སྟེགས་བྱིས་པ་སྐྲག་བྱེད་པའི།།
འདུལ་བའི་འབུམ་སྡེ་རི་ཡི་ཐོད་ཅན་སྐྱེ་དགུའི་བདེ་ལེགས་ཞིང་དུ་བསྟེན།།
རྣམ་འདྲེན་ཤཱཀྱའི་ལུགས་བཟང་རིན་ཆེན་མཛོད།།
རྣམ་དག་ཚུལ་ཁྲིམས་ར་བས་ཡོངས་བཟུང་བའི།།
རྣམ་དཀར་ལམ་བཟང་ཀུན་གྱི་གཞི་རྟེན་མཆོག།
རྣམ་མང་འདུལ་བའི་གཞུང་ལ་འཇུག་འཚལ་ལོ།།
གཞོམ་བྲལ་ཤིན་ཏུ་ཕྲ་བའི་རླུང་སེམས་རབ་མཛེས་མཚན་ལྡན་ང་ལས་ནུ།།
རྨད་བྱུང་གསང་ཆེན་འཁོར་ལོའི་ཤུགས་ཀྱིས་འོད་གསལ་མཁའ་ལ་མྱུར་བགྲོད་ནས།།
རིམ་གཉིས་དཔུང་ཚོགས་ཡན་ལག་དྲུག་གིས་ཏིང་འཛིན་སྒོ་བརྒྱ་རབ་ཕྱེ་སྟེ།།
ཟུང་འཇུག་སྐུ་གསུམ་དབང་བོའི་གདན་ལ་རིང་མིན་ཚེ་འདིར་སྤྱོད་པར་མཛོད།།
རང་རྒྱུད་འཛིན་མར་དམ་ཆོས་བདུད་རྩིའི་ཆབ།།
ཐོས་བསམ་ཡུར་བའི་ལམ་ནས་རབ་དྲངས་ཏེ།།
བསླབ་གསུམ་མྱུ་གུ་བཟང་བོ་ཡོངས་སྨིན་རྩེར།།
ཟུང་འཇུག་འབྲས་བཟང་གཡུར་དུ་ཟ་བ་ཡི།།
ལྟོས་བཅས་ཞིང་གི་ཚོགས་ཀྱི་དགའ་སྟོན་ཞིག།
དེང་འདིར་སྒྲུབ་ལ་བརྩོན་ན་ཤིན་ཏུ་ལེགས།།
དད་གུས་དྲོད་གཤེར་ལྡན་པའི་ཡིད་ཀྱི་གཞིར།།
ཐོས་བསམ་ས་བོན་བཟང་བོ་ཡོངས་སྨིན་པའི།།
འཆད་རྩོད་རྩོམ་པའི་འབྲས་ལྡན་ཡོངས་འདུའི་ལྗོན།།
སྐལ་བཟང་ལེགས་བྲིས་ཚོགས་ཀྱི་གསོས་སུ་སྤེལ།།
སྣ་ཚོགས་སྐྱེ་བའི་རྐང་འཐུང་འཁྲིགས་དབུས་ན།།
སྲིད་འབྱོར་འདབ་མའི་ཁེངས་པ་ཆེས་མང་ཡང་།།
ལུང་རྟོགས་འདབ་བརྒྱའི་ཁུར་གྱིས་རབ་དུད་པའི།།
བསླབ་གསུམ་འབྲས་བཟང་རྫོགས་པ་སྲིད་མཐར་སྣང་།།
བཤད་སྒྲུབ་མ་ལ་ཡ་ཡི་དགའ་ཚལ་དུ།།
གྲོགས་མཆོག་ཧ་རིའི་ལྗོན་བཟང་ཉེ་དྲུང་དུ།།
ཚིག་དོན་འདབ་བཟང་དཔྱིད་ཀྱི་ཕོ་ཉ་འདིས།།
ལེགས་བཤད་མགྲིན་པའི་རྔ་གསང་དལ་གྱིས་བཞད།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com