དགེ་འདུན་ལྷུན་གྲུབ་ཀྱི་ཚིགས་བཅད་ཤོ་ལོ་ཀ《ཉི་ཟླའི་དོ་ཤལ》།
ཉི་ཟླའི་དོ་ཤལ།
སཱ་ལའི་ཚང་ཚིང་སྡུག་གར་དཀྲིགས་པའི་མན་ཤལ་རི་བོའི་གྲྭ་གཅིག་ཏུ།།
ངོ་མཚར་སྒྱུ་རྩལ་སྟོང་གི་འོད་རླབས་འཛམ་གླིང་གསེར་ལྡན་བཅུ་གཉིས་ཆར།།
དུས་དང་དུས་སུ་འགྲེམ་པའི་སྙིང་སྟོབས་རྡོ་རྗེའི་རིས་སུ་ལེགས་སྨིན་པའི།།
རིག་རྩོམ་གསར་བའི་ཉི་ཟླའི་དོ་ཤལ་གངས་ཅན་མཛེས་མའི་རྒྱན་དུ་བསྐྲུན།།
དེ་ཡི་མོད་ལ་ཕུན་ཚོགས་བརྒྱས་བསྟེན་མངོན་དགའ་གཉིས་པའི་གྲོང་ཁྱེར་དུ།།
སྤྲོ་དགའི་འདབ་མ་དབྱིབས་སུ་སྐྱོད་བཞིན་དབྱངས་ཅན་རིག་པའི་སྐྱེད་ཚལ་མར།།
བསྟོད་ཚིག་གསར་བའི་སྦྲང་རྩིའི་དོག་པ་རྣམ་དཔྱོད་མཆུ་ཡིས་ལེགས་གཞིབས་ནས།།
རིག་གཞུང་འདི་ཀོར་ཆེད་དུ་སྦྲེངས་པའི་སྒྱུ་མའི་རོལ་རྩེད་ཅི་ཡང་བསྒྱུར།།
བདེ་དགའི་ཆུ་བོ་བྲི་ཡང་མེད་པའི་འཚོ་བ་གསར་བའི་ཀླུང་ཆེན་པོ།།
གངས་ཅན་མཁས་མང་མནྡྷར་ཡིས་ཐབས་མཁས་འཕྲུལ་གྱིས་བསྲུབས་པ་ལས།།
སྙིང་བོར་ཕྱུང་བའི་སྒྲུང་གཏམ་བདུད་རྩི་སྐལ་བཟང་མཁར་ཉལ་ཚོགས་ཀྱི་དབུས།།
ལེགས་པར་བྲིམས་པའི་འོད་ལྔའི་མེ་ཏོག་སྙན་རྩོམ་རིག་པའི་ཐང་ན་དགོད།།
མང་ཐོས་བཅུད་ཀྱིས་ཉེ་བར་བསྐྱངས་པའི་གོས་དམར་དབང་བོའི་འཁྲི་ཤིང་རྩེར།།
དབྱངས་ལྡན་ལང་ཚོའི་དཔལ་གྱིས་སྙེམས་པའི་སྙན་རྩོམ་ཁུ་བྱུག་བུ་མོའི་གླུ།།
དྲི་ཟའི་གསུང་སྙན་དམན་སར་འགོད་པའི་ཚངས་སྲས་ངག་གི་འགྱུར་ཁུགས་ཅན།།
དལ་བུར་རྒོད་པས་གངས་རིའི་ཁྱིམ་དུ་རྫོགས་ལྡན་གསར་བའི་ལང་ཚོ་མངོན།།
རྩ་ལྗང་གཞོན་ནུའི་སྐྲ་ཚོགས་འཁྱིལ་བའི་གཡུ་མདངས་གསལ་བའི་ནོར་འཛིན་མར།།
སྔོན་མེད་དྲི་བསུང་མངར་བོར་ལྡང་བའི་ལྷུག་རྩོམ་མེ་ཏོག་གསར་བའི་ཕྲེང་།།
ངོ་མཚར་དོན་གྱི་ཟེའུ་འབྲུ་མངོན་བཞིན་བློ་གསལ་དྲུག་སྐྱེས་གཞོན་ནུའི་ཁྱུར།།
མཛའ་བར་འཐམས་འདོད་འཛུམ་གྱི་ཟེར་མ་ཡིད་ཀྱི་མཚམས་སྦྱོར་ཚུལ་དུ་སྤྲོ།།
ཟབ་དོན་ལེགས་བཤད་གཅིག་ཏུ་བཟླུམས་པའི་གཞན་གཞུང་ནོར་བུ་དོ་ཤལ་གསར།།
གངས་ཅན་སྐད་ཀྱི་ཟོང་དུ་བསྒྲུབས་ཏེ་ཤེལ་དཀར་སོ་ཕྲེང་བཞད་པའི་སར།།
འདོད་རྒུར་འདྲེན་པའི་འཕྲུལ་རིས་རྨད་བྱུང་བྱམས་བརྩེ་འཕྲུལ་གྱིས་འདུ་བགྱིས་པས།།
ཨ་དིའི་བུ་ཡང་ཞིང་འདིར་ཆགས་ཏེ་ཉི་ཟླའི་ཟོལ་གྱིས་ལྷ་ལམ་འགྲིམ།།
སྣ་ཚོགས་རྩོམ་གྱི་འོད་རབ་བཀྲ་བའི་གཞུང་ལུགས་རིན་ཐང་མེད་པའི་གཞིར།།
རྣམ་བཀྲ་རིགས་པའི་སྨྱུག་རྩེ་རྒོད་པའི་ཡང་དག་དཔྱད་གསུམ་ཚད་མའི་བུས།།
དོན་བཟང་རིན་ཆེན་ཆར་དུ་བྱོ་བའི་མ་སྨད་གཙུག་ལག་འདོད་དགུའི་གཏེར།།
ཆུ་ཤེལ་ནོར་བུའི་མཛོད་དུ་བསུ་བའི་ངོ་མཚར་རྒྱ་མཚོ་འདི་ན་ལུད།།
ཟླ་ཤེལ་བྱེ་བ་ཚོམ་བུར་བརྡལ་བའི་གངས་ཅན་མཁའ་ཡི་ཁྱམས་ཆེན་དུ།།
བྷོ་ཊས་མཛེས་མའི་རྒྱན་དུ་ངོམ་པའི་གནས་ལྔ་རིག་པའི་ཉིན་བྱེད་དབང་།།
འཛམ་བུའི་སྙེ་མ་གཡུར་དུ་དུད་པའི་མི་མཇེད་འཇིག་རྟེན་ཡངས་པའི་གྲྭར།།
ཀུན་རིག་སྟེང་འཐུང་ཕྱོགས་སུ་འཛུམ་སླད་སླར་ཡང་འབར་བའི་ཆོ་ག་བཤམས།།
མི་བཟད་རྒུད་པའི་མུན་པ་ལ་ཟ་ལུགས་གཉིས་བཀའ་ཁྲིམས་གཙང་མའི་ཟེར།།
སྡེ་བཞིའི་ཆུ་བོ་གཡས་སུ་འཁྱིལ་བའི་ར་བ་དཀར་པོའི་ཞིང་ཁམས་སུ།།
བྱམས་བརྩེ་འཕྲུལ་གྱིས་སྙོམས་པོར་འགྱེད་པའི་རྒྱལ་བློན་མཁས་གྲུབ་འབུམ་ཕྲག་གི །
ཀུན་ཕན་མཛད་བཟང་སྣང་བའི་རྩེ་དགའ་དངུལ་དཀར་མེ་ལོང་འདི་ན་འཕྲོ།།
བཟོ་རིག་འབུམ་དགུའི་བང་བ་ལ་ཆགས་བི་ཤྭ་ཀརྨའི་ཕྱག་སོར་ལས།།
དཀར་དམར་འོད་ཀྱི་ལང་ཚོས་དྲེགས་པའི་པྲ་ཕབ་སྒྱུ་མའི་སྣང་བརྙན་གསར།།
གཅིག་ལས་གཅིག་ལྷག་མིག་གི་བདུད་རྩིར་ཨུཏྤལ་གར་གྱིས་ཉེར་རྩེན་པས།།
དགེ་ལེགས་ཚོན་སྣ་ལྔ་བའི་ལན་ཚར་ནོར་བུ་པད་མའི་ཞིང་འདིར་གཡོས།།
ན་ཆུང་སོར་རྩེའི་རེག་པས་རབ་མྱོས་རྒྱུད་སྟོང་པི་ཝང་འཁྲོལ་བའི་དབྱངས།།
སྤེལ་ལེགས་རིན་ཆེན་ཐང་མར་བཀྲམ་པའི་རིག་རྩོམ་ཡིད་བཞིན་རྒྱ་མཚོའི་ངོགས།།
འགག་མེད་ན་དའི་གདངས་སུ་འཕོས་པའི་བསླབ་སྟོན་སྙན་མོའི་ང་རོ་ཡིས།།
ཆུ་ཤིང་ནགས་མའི་ཚལ་དུ་ཉུལ་བའི་རི་སྐྱེས་བུ་མོར་གཞེན་སྐུལ་བཏང་།།
རིན་ཆེན་བྱེ་བའི་དབུ་ཕྲེང་འཛུམ་པའི་གང་གའི་ལྷ་མོའི་རྡུལ་ཚོགས་ཀྱིས།།
གཞར་ཡང་མཚོན་མིན་ངག་རིག་མཁས་པའི་མཁྱེན་བརྩེ་ཆུ་ཁུར་བརྩེགས་པ་ལས།།
སྔོན་མེད་རྩོམ་གྱི་མུ་ཏིག་ཆར་ཟིལ་ཁ་བའི་ལྗོངས་སུ་བབས་པའི་རྒྱུན།།
རིག་ལྡན་གཞོན་ནུའི་ཞིང་སར་འདྲེན་པའི་འཕྲུལ་འདེགས་འདི་ཀོ་ཨེ་མ་མཚར།།
འདི་ཅི་འཆི་མེད་བདུད་རྩིས་སྤྲས་པའི་རོ་བརྒྱ་ལྡན་པའི་ཞལ་ཟས་སམ།།
འོན་ཏེ་འཇོ་སྒེག་ཉམས་བརྒྱ་རྫོགས་པའི་མེ་ན་ཀ་ཡི་གླུའམ་ཅི།།
སྐབས་འགར་རོ་ལྡན་བདུད་རྩིར་འཁྲུལ་ནས་ལག་སོར་སྙིམ་པས་ལེན་ལ་གུས།།
སྐབས་རེར་སྐེད་ཕྲའི་གསུང་དུ་བརྟགས་ནས་རྣ་བའི་དབང་བོ་གཏོད་ལ་བྲེལ།།
སྒྲུང་གཏམ་སྣ་ཚོགས་སྒྱུ་མའི་མིག་འཕྲུལ་མིན་ནམ་འགྲོ་རྣམས་ཡིད་ཀྱི་བརྟན་པ་འཕྲོག །
རིག་བྱེད་ཚིག་སྦྱོར་གསེར་གྱི་རྣ་ཆ་མིན་ནམ་སྙན་གོང་མཛེས་མའི་རྒྱན་དུ་བརྟེན།།
དཔྱད་རྩོམ་འདི་དག་ནམ་མཁའི་ཐིག་ལེ་མིན་ནམ་མ་རིག་སྨག་ཆེན་དབྱིབས་སུ་བཅིལ།།
རྣམ་ཐར་ལོ་རྒྱུས་མཁྱེན་པའི་ཡེ་ཤེས་མིན་ནམ་གདོད་མའི་ཆོས་ཀུན་གསལ་ལེར་ངོམ།།
འདི་ནི་ཚངས་ཆེན་དགྱེས་པའི་གདངས་དབྱངས་ཡིན་གྱི་ཅོ་གའི་གྲེ་འགྱུར་དེ་མ་ཡིན།།
དོན་ལྡན་གཏམ་གྱི་བདུད་རྩིའི་བུམ་བཟང་ཡིན་གྱི་ཚིག་བཀྱལ་མྱོས་ཆུ་དེ་མ་ཡིན།།
རྟོག་འཇུག་ཡང་ཡང་བྱས་པའི་རྩོམ་པ་ཡིན་གྱི་གང་བྱུང་ལབ་བརྡོལ་དེ་མ་ཡིན།།
སྔོན་མེད་གསར་དུ་བརྩམས་པའི་སྙན་རྩོམ་ཡིན་གྱི་རྨོངས་ཞེན་བྲིས་བཤུས་དེ་མ་ཡིན།།
ཟླ་ལྟར་ཆེས་དཀར་ལང་ཚོ་གསལ་བའི་ལྷག་བསམ་ཡུ་བ་བརྟན་པོའི་རྩེར།།
རིག་བྱེད་དབྱངས་ཀྱི་ཤམ་བུ་གཡོ་ཞིང་བརྗོད་དོན་ནོར་བུའི་ཏོག་གིས་མཛེས།།
བཅད་ལྷུག་སྤེལ་མའི་རྩིབས་མ་བརྒྱ་ལྡན་ལུང་རིགས་གྲིབ་བསིལ་སྣུམ་པོ་ཡིས།།
མཐའ་དག་རྨོངས་པའི་ཚ་གདུང་ལས་སྐྱོབ་གདུགས་དཀར་འདི་ལས་གཞན་ན་གང་།།
མདོར་ན་འོད་གསལ་ལམ་དུ་བཀྲི་བའི་ཀྱོ་བ་རྣོན་པོ་འདི་ལས་གང་།།
བློ་ལྡན་བློ་ཡི་པད་ཚལ་འབྱེད་པའི་ཀུན་གསལ་མེ་ལོང་ཁྱོད་ལས་གང་།།
མཚུངས་མེད་མཁས་པའི་རྒྱལ་ཐབས་ཟིན་པའི་གསེར་དངུལ་འཁོར་ལོ་ཁྱོད་ལས་གང་།།
མ་འོངས་བདེ་སྐྱིད་ཁང་བཟང་འགྲིམ་པའི་རིན་ཆེན་ཐེམ་སྐས་འདི་ལས་གང་།།
ཐོག་མར་དགེ་བའི་བཀྲ་ཤིས་བསིལ་ལྗོངས་རིག་གནས་གངས་ཀྱི་རི་བོའི་སྤོར།།
བར་དུ་དགེ་བའི་བཀྲ་ཤིས་འཇིགས་བྲལ་སྨྲ་བའི་སེང་གེ་འབུམ་རྩེན་ཞིང་།།
ཐ་མར་དགེ་བའི་བཀྲ་ཤིས་ལུང་རིགས་དབྱངས་ཀྱིས་ས་གསུམ་ཀུན་བཀང་སྟེ།།
དུས་ཀུན་དགེ་བའི་བཀྲ་ཤིས་བདེ་ལྡན་གངས་རིའི་ཞིང་འདི་སྐྱོང་བར་སྨོན།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com