རྩོམ་པ་པོ་འཇུ་སྐལ་བཟང་གི་སྙན་ངག《རྨས་སྐྱོན་ཤོར་བའི་བརྩེ་དུངས》།
རྨས་སྐྱོན་ཤོར་བའི་བརྩེ་དུངས།
---ཕོ་བྲང་ཡུམ་བུ་བླ་སྒང་།
འཛམ་གླིང་འཛིན་མའི་ཟེ་བ་རྒྱ་མཚོ་ལས་འཕགས་པས།།
ང་ལ་གཞན་ལས་མཐོ་བའི་རྐང་སྟེགས་ཤིག་གནང་བྱུང་།།
ངས་ཀྱང་གཡེལ་བ་མེད་པའི་ལྷག་བསམ་གྱི་སྦྱོར་བས།།
བསིལ་ལྡན་བཙན་པོའི་ཕྲེང་བར་ཞབས་ཏོག་ཅིག་བསྒྲུབས་ཀྱང་།།
སྙན་པ་གཡེར་བག་ཆེ་བ་སྤུར་རྒྱལ་གྱི་བཙན་པོ།།
ཞལ་གསུང་དོན་ལ་གནས་པའི་ཁྲེལ་ཡོད་རང་མི་འདུག།
དགུ་ཚིགས་དབྱིངས་ནས་དཔྱངས་པའི་རྨུ་ཐག་དེ་ཟིན་ཚེ།།
ཕྱི་མིག་གཟིགས་པ་མེད་པར་བག་ཡངས་སུ་ཕེབས་ཐལ།།
བོད་འབངས་བདེ་ལ་འགོད་པ་རླབས་ཆེན་གྱི་སྲིད་བྱུས།།
མཐའ་བརྒྱད་དབང་དུ་འདུ་བའི་དཔའ་མཛངས་ཀྱི་ཐབས་ཇུས།།
རྒྱ་ཆོས་བོད་དུ་འདྲེན་པ་ཤེས་རིག་གི་ས་བོན།།
སྣ་ཚོགས་གསང་གྲོས་མོལ་བའི་དཔང་བོ་རུ་བསྡད་ཀྱང་།།
དྲེགས་ལྡན་བློན་པོའི་འཁོར་ཡང་ཁྲེལ་ཡོད་དུ་མ་མཐོང་།།
རྒྱུན་རིང་བཙན་པོའི་ཕྲེང་ཐག་དུམ་བུ་རུ་ཆད་ཚེ།།
རང་བཙོང་གཞན་འདྲེན་དབང་གི་ཐོབ་ཤོར་ལ་རྔམ་བཞིན།།
མནོག་ཆུང་ཁ་ཆུའི་ཆུ་སྣ་སྒོ་ཐེམ་ནས་དྲངས་བྱུང་།།
རང་རྒྱུས་རང་ལ་མི་གསལ་བོད་འབངས་ཀྱི་ཚོགས་ལ།།
ཤེས་རིག་བྱུང་བ་མི་དམན་འདི་ག་རུ་གཟིགས་ཞེས།།
ཡི་ཆད་སྐྱོ་བ་གསང་བའི་རྟེན་འབྱུང་ཙམ་བསམས་ཏེ།།
རང་བྱུང་འབྱུང་བཞིའི་གཡུལ་ངོ་ཡུན་རིང་དུ་བཟློགས་ཀྱང་།།
བོད་མིའི་ཁྲེལ་གཞུང་ཐུང་བའི་དེ་ཉིད་དེ་མཐོང་བྱུང་།།
འཕྲལ་རྐྱེན་གཞན་དབང་ལག་པས་སྐད་བརྡ་ཙམ་བསྒྱུར་ཚེ།།
འཇུགས་རུང་ལྕགས་ནག་ཐོ་བ་ནམ་མཁའ་རུ་ཕྱར་ཏེ།།
རང་མི་གཤེད་དུ་ལྡང་བའི་ལྟད་མོ་ཞིག་བསྟན་བྱུང་།།
རང་རིགས་ལ་རྒྱ་ཟེར་བ་མི་ཆེན་གྱི་ཞལ་མཚར།།
རང་སྐྲ་རང་གིས་འབལ་བ་སྨྱོན་མ་ཡི་མུ་ཅོར།།
རང་མཚང་གཞན་ལ་སྟོན་པ་ཀླད་མེད་ཀྱི་ཅོལ་ཆུང་།།
རང་གཞན་བྱ་བ་འདི་ལ་ཞེན་པ་རེ་ལྡོག་ཀྱང་།།
དམར་སེར་ལྕང་ལོ་འཕྱང་བ་རྒྱང་རིང་གི་མགྲོན་པོས།།
ཟུར་ཟའི་མིག་འབྲས་སྔོན་པོ་རིག་རིག་ཏུ་བསྒྱུར་ཚེ།།
བདག་ལ་དུས་རྐྱེན་ཁོ་ནས་འདི་འདྲ་རུ་གྱུར་ཅེས།།
རང་མཚང་གཞན་མགོར་དཀྲི་བའི་རྫུ་བག་ཅིག་ཤོར་སོང་།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com