ཚིགས་བཅད་སྙན་ངག《མཚོ་བསྟོད་མེ་ཏོག་ཆར་འབེབས》།
ཐིག་ལེ་མཆོག་མའི་མཛེས་སྡུག་ཟླ་བའི་བཞིན།།
འགོག་མེད་འཛིན་པའི་བཞིན་གྱི་སྣོད་བསྐྲུན་ཕྱིར།།
གདོང་བཞིའི་བཀའ་བཞིན་བི་ཤོ་ཀརྨ་ཡིས།།
གནམ་སྔོན་བཞུས་པ་སྒོར་ལེར་འཁྱིལ་འདྲ་བའི།།
གངས་ལྗོངས་ནོར་འཛིན་བུ་མོ་སྡུག་གུ་མའི།།
དཔྲལ་བའི་གཞུག་གཡུ་ཁྲི་ཤོག་རྒྱལ་མོ་ཞེས།།
གྲགས་སྙན་ཁེངས་ལྡན་དབྱར་སྐྱེས་རྒོད་པོའི་སྒྲས།།
ཕྱོགས་ཀྱི་གླང་བོའི་རྣ་བའང་དོན་ལྡན་བྱས།།
ཕུལ་བྱུང་རིན་ཆེན་ཀླུ་ཡི་བང་མཛོད་ན།།
ཡོད་དགུ་ལུས་ལ་བརྒྱན་ཡང་མི་ཚིམས་པར།།
བར་སྒང་ཁམས་ཀྱི་མཛེས་རྒྱན་ཉི་ཟླ་ཡང་།།
འཕྲོགས་ནས་རྣ་ལུང་བྱས་འདི་ཨེ་མ་མཚར།།
སྙིང་མེད་མ་ཡིན་རྦ་ཀླུང་འཁྲུགས་པའི་དབུས།།
སྙིང་རི་དེ་ཝ་ཤེལ་དཀར་ལྷུན་པོ་བརྗིད།།
ཁྲེལ་མེད་མ་ཡིན་ལྷན་སྐྱེས་བཻཌཱུ་མདངས།།
ནམ་ཡང་འགྱུར་མེད་ཆོས་དབྱིངས་མཛའ་མོར་བསྡེབས།།
རྣམ་རིག་རྟུལ་བོ་མ་ཡིན་ཉི་ཟླའི་འོད།།
ཉིན་མཚན་གཉིས་ཀར་གསེར་དངུལ་སྒྲོན་ཐོགས་པས།།
མུན་ནག་ཡོལ་བས་བསྒྲིབས་པའི་ཤེས་བྱའི་གནས།།
རི་གླིང་འབུམ་གྱི་གཟུགས་མཚར་གསལ་པར་བྱས།།
དེ་ལ་ཤིས་བརྗོད་ལྷ་ཡི་མེ་ཏོག་ཆར།།
སྙུག་ཅེས་རིག་སྔགས་འཕྲུལ་གྱིས་ཕབ་པ་འདིས།།
གཡང་མཚོ་ཕྱུག་མོ་མི་ཉམས་རྒྱས་པ་དང་།།
བོད་དཀར་རྣམ་དཔྱོད་ཉི་ཟླ་གསལ་བར་ཤོག།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com