དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཚིག་གི་ཕྲེང་བ།

རྩོམ་པ་པོ།:སྟུག་རྒྱའི་བཀའ་སྲུང་མགོན་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-08 08:57:00 ཀློག་གྲངས།:

དགེ་བའི་བཤེས་གཉེན་དཔལ་བཟང་པོ་རྣམས་ཀྱི་བཀའ་དྲིན་རྗེས་སུ་
དྲན་པའི་ཚིག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

                                                                --སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་
                                                                        པའི་རྟེན་འབྲེལ་ཞུ་བར་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་
                                                                                དྲིན་རྗེས་སུ་དྲན་པར་བྲིས་པའོ། །

                                                     ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། སྟུག་རྒྱའི་བཀའ་སྲུང་མགོན་པོས(ཁུ་བྱུག)བརྩམས།

 

                                   རྨད་བྱུང་གངས་ཅན་ཆོས་རིག་ཉིན་བྱེད་དབང༌། །
                                   འཆད་ཉན་རླུང་གི་ཤིང་རྟས་ལེགས་དྲངས་ནས། །
                                   ལྔ་རིག་གཙུག་ལག་འདབ་བརྒྱའི་ཚལ་འབྱེད་པའི། །
                                   བཤེས་གཉེན་དམ་པ་རྣམས་ལ་གུས་པས་འདུད། །

 

                                   གངས་ཅན་འཕེལ་འགྱུར་ཕྱོགས་པའི་དགོས་གལ་ལ། །
                                   བཅུ་ཕྲག་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཆེད། །
                                   སི་ཁྲོན་བོད་སློབ་བཙུགས་པའི་ཕྱག་རྗེས་ལ། །
                                   མཁས་གྲུབ་དབུ་འཛིན་རྣམས་ཀྱི་བཀའ་དྲིན་དྲན། །

 

                                   དུས་མཐར་གངས་ཅན་རིག་གནས་དོན་ཆེན་དུ། །
                                   བསམ་བཞིན་བྱོན་པའི་ངེས་པ་དོན་ལྡན་གྱི། །
                                   རྒྱལ་སྲས་སྤྱོད་པའི་མཁས་དབང་དམ་པ་མཆོག  །
                                   བཤེས་གཉེན་ཐུབ་བསྟན་ཉི་མའི་བཀའ་དྲིན་དྲན། །

 

                                   སློབ་དཔོན་ཐོན་མིའི་དགོངས་པའི་ཡང་སྙིང་དང༌། །
                                   སི་ཏུ་པཎ་ཆེན་གསུང་གི་ལེགས་བཤད་ཀྱི། །
                                   སྙིང་པོ་གཅིག་ཏུ་འཆད་པའི་དབང་ཕྱུག་ཆེ། །
                                   བཤེས་གཉེན་བུ་ཕྲུག་བཀའ་དྲིན་གསལ་བར་དྲན། །

 

                                   རིགས་པའི་དབང་ཕྱུག་རྣམ་གཉིས་གཙོར་གྱུར་པའི། །
                                   འཕགས་བོད་མཁས་པའི་ཚད་མའི་བསྟན་བཅོས་དང༌། །
                                   བསྡུས་བློ་རྟགས་གསུམ་འཆད་ལ་དབང་འབྱོར་བའི། །
                                   བཤེས་གཉེན་ཡེ་ཤེས་དར་རྒྱས་བཀའ་དྲིན་དྲན། །

 

                                   དཔལ་ལྡན་དུས་འཁོར་རྩ་བསྡུས་རྒྱུད་གཉིས་ཀྱི། །
                                   བྱེད་གྲུབ་རྩིས་ཀྱི་རྣམ་གཞག་ཕྲ་རགས་ཀུན། །
                                   ཕྱག་རྩེར་འགོད་མཁས་རྩིས་ཀྱི་མཁན་པོ་མཆོག  །
                                   བཤེས་གཉེན་དོན་ཚེའི་བཀའ་དྲིན་གསལ་བར་དྲན། །

 

                                   འཇམ་མགོན་མི་ཕམ་གསུང་གི་ལེགས་བཤད་ལས། །
                                   བསྟན་བཅོས་མཁས་འཇུག་གཞུང་ལ་ཐུགས་མཉེས་པ། །
                                   བསླབ་གསུམ་བརྗོད་བྱ་གཅིག་ཏུ་འཆད་མཛད་པའི། །
                                   བཤེས་གཉེན་སྨན་ལྷའི་བཀའ་དྲིན་གསལ་བར་དྲན། །

 

                                   ཡི་གེའི་སྦྱོར་ཚུལ་སྤྱི་དང་བྱེ་བྲག་གང༌། །
                                   བརྡ་དག་གཞུང་གི་རྒྱན་གྱུར་ངག་སྒྲོན་སོགས། །
                                   འཆད་ལ་དབང་འབྱོར་དག་ཡིག་སྨྲ་བའི་དབང༌། །
                                   བཤེས་གཉེན་པད་མ་རྒྱལ་མཚན་བཀའ་དྲིན་དྲན། །

 

                                   སྙན་ངག་གཞུང་གི་རྩ་འགྲེལ་གང་ཡིན་ཡང༌། །
                                   འཕགས་བོད་མཁས་པའི་གསུང་གི་ལེགས་བཤད་ཀྱིས། །
                                   ཡང་དག་འཆད་པའི་སྙན་ངག་མཁན་པོ་མཆོག   །
                                   བཤེས་གཉེན་པད་རྡོར་བཀའ་དྲིན་གསལ་བར་དྲན། །

 

                                   སྒྲ་ཚད་སྙན་ངག་བསྟན་བཅོས་གང་གི་དོན། །
                                   སྔོན་བྱོན་མཁས་པའི་ལེགས་བཤད་དང་འབྲེལ་ནས། །
                                   ཁ་གསལ་གོ་བདེས་འཆད་ལ་དབང་ཐོབ་པའི། །
                                   བཤེས་གཉེན་རྡོར་ལོའི་བཀའ་དྲིན་གསལ་བར་དྲན། །

 

                                   གངས་ཅན་མེས་པོའི་སྣོད་བཅུད་བྱུང་ཚུལ་དང༌། །
                                   སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལོ་རྒྱུས་སོགས། །
                                   གསལ་ཞིང་རྒྱས་པར་འཆད་ལ་དབང་འབྱོར་བའི། །
                                   བཤེས་གཉེན་ས་འགོའི་བཀའ་དྲིན་གསལ་བར་དྲན། །

 

                                   སྙན་ངག་རྩ་བའི་དགོངས་དོན་གསལ་བྱེད་དུ། །
                                   བོད་མཁས་ཆེན་པོའི་དཎྜིའི་དགོངས་རྒྱན་གང༌། །
                                   རྒྱས་བསྡུས་ཚུལ་བཞིན་འཆད་ལ་དབང་འབྱོར་བའི། །
                                   བཤེས་གཉེན་སྐལ་བཟང་དར་རྒྱས་བཀའ་དྲིན་དྲན། །

 

                                   དབུ་ཕར་འདུལ་མཛོད་སོགས་ཀྱི་གཞུང་ལུགས་དང༌། །
                                   ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་དགོངས་དོན་སོགས། །
                                   ཐུགས་ཐོག་གཅིག་ནས་འཆད་པའི་གཏེར་ཆེན་པོ། །
                                   བཤེས་གཉེན་རྩ་ར་ཆོས་གྲགས་བཀའ་དྲིན་དྲན། །

 

                                   ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་ཐབས་ཀྱི། །
                                   སྟོན་བྱེད་གསོ་རིག་རྒྱུད་བཞིའི་རྣམ་གཞག་དང༌། །
                                   ལག་ལེན་མན་ངག་འཆད་ལ་དབང་འབྱོར་བའི། །
                                   བཤེས་གཉེན་འགྲོ་འདུལ་རྣམ་རྒྱལ་བཀའ་དྲིན་དྲན། །

 

                                   སྙན་ངག་རྩིས་སོགས་འཆད་ལ་རབ་མཁས་ཤིང༌། །
                                   རྫོགས་ཆེན་རྣལ་འབྱོར་སྤྱོད་པའི་ཚུལ་འཛིན་པའི། །
                                   གསང་སྔགས་རྡོ་རྗེ་བསྟན་པའི་སྔགས་འཆང་བ། །
                                   བཤེས་གཉེན་ཨ་འཇམ་བཀའ་དྲིན་གསལ་བར་དྲན། །

 

                                   འགྲོ་བའི་རིམས་ནད་དྲུངས་ནས་སེལ་བྱེད་པར། །
                                   བཅོས་ཐབས་མན་ངག་སྟོང་གིས་རྒྱུད་ཕྱུག་ཅིང༌། །
                                   གངས་ཅན་གསོ་རིག་འཆད་ལ་དབང་འབྱོར་བའི། །
                                   བཤེས་གཉེན་འཇམ་རྡོར་བཀའ་དྲིན་གསལ་བར་དྲན། །

 

                                   སྐལ་ལྡན་རྗེས་སུ་འཛིན་པའི་བཟོ་རིག་གི། །
                                   གཞུང་ལུགས་མན་ངག་དང་བཅས་འཆད་པ་དང༌། །
                                   ཕྱག་སོར་སྒྱུ་རྩལ་འགོད་ལ་དབང་འབྱོར་བའི། །
                                   བཤེས་གཉེན་དཔལ་ལྡན་བཀའ་དྲིན་གསལ་བར་དྲན། །

 

                                   གངས་ཅན་ཡི་གེའི་གཟུགས་ཀྱི་སྒྱུ་རྩལ་རྣམས། །
                                   ཡིག་མཁན་གོང་མའི་ཕྱག་རྒྱུན་སྤེལ་བ་ལ། །
                                   དུས་མཐའི་སྨྱུག་འཛིན་ཆེན་པོའི་རྣམ་ཐར་ཅན། །
                                   བཤེས་གཉེན་ཚེ་རིང་ཉི་མའི་བཀའ་དྲིན་དྲན། །

 

                                   སྒྲ་སྙན་རྩིས་སོགས་རིག་པའི་གནས་སྤྱི་དང་། །
                                   ཁྱད་པར་སུམ་རྟགས་དག་གསུམ་གྱིས་མཚོན་པའི། །
                                   བརྡ་དག་གཞུང་ལུགས་འཆད་ལ་དབང་འབྱོར་བའི། །
                                   བཤེས་གཉེན་བསམ་གཏན་བཀའ་དྲིན་གསལ་བར་དྲན། །

 

                                   བརྡ་སྤྲོད་རིག་པའི་གཞུང་དོན་སྤྱི་དང་ནི། །
                                   ཁྱད་པར་རྟགས་ཀྱི་འཇུག་པའི་དཀའ་གནད་དག  །
                                   འཆད་དང་གསེད་བཀྲོལ་མཛད་ལ་དབང་འབྱོར་བའི། །
                                   བཤེས་གཉེན་མཁྱེན་རབ་འོད་གསལ་བཀའ་དྲིན་དྲན། །

 

                                   སྐད་གཉིས་སློབ་གསོས་འཆད་དང་བསྒྱུར་བ་དང༌། །
                                   རྩོམ་དང་བྲིས་ལ་ལེགས་པའི་རྩེར་སོན་པའི། །
                                   སྒྲ་བསྒྱུར་ལོ་ཙཱ་ཆེན་པོའི་མཚན་འཛིན་པའི། །
                                   བཤེས་གཉེན་སྐལ་བཟང་ཆོས་འཕེལ་བཀའ་དྲིན་དྲན། །

 

                                   རྒྱ་བོད་སྐད་གཉིས་སྨྲ་ལ་ཐོགས་མེད་ཅིང༌། །
                                   ལོ་ཙཱའི་གཞུང་ལུགས་འཆད་བསྒྱུར་ལ་སོགས་དང༌། །
                                   འགྱུར་ཐབས་སྣ་ཚོགས་དཔྱད་ལ་དབང་འབྱོར་བའི། །
                                   བཤེས་གཉེན་གཡང་སྐྱིད(沈巧灵)བཀའ་དྲིན་གསལ་བར་དྲན། །

 

                                   བཤེས་གཉེན་རྣམས་ཀྱི་མཚན་ཙམ་དྲན་པ་ཡིས། །
                                   རྨོངས་པའི་མུན་པ་སྐད་ཅིག་འཇོམས་མཛད་ནས། །
                                   ཚེ་རབས་ཀུན་ཏུ་བདག་སོགས་སློབ་ཚོགས་ཀྱི། །
                                   བློ་གྲོས་གསལ་བའི་སྣང་བ་རྒྱས་གྱུར་མཛོད། །

 

                                   ཁ་བ་ཅན་དུ་ཆོས་དང་རིག་གནས་ཀྱི། །
                                   ཕན་བདེའི་དཔལ་ཡོན་ཇི་སྲིད་གནས་པའི་བར། །
                                   གཞན་ཕན་སྤྱོད་པའི་བཤེས་གཉེན་དམ་པ་རྣམས། །
                                   བདག་སོགས་སློབ་ཚོགས་སྙིང་དབུས་གཏན་བཞུགས་གསོལ། །

 

                                   སི་ཁྲོན་བོད་སློབ་བཙུགས་ནས་ད་ལྟའི་བར། །
                                   སློབ་གྲྭའི་འཛིན་སྐྱོང་ཁུར་ཆེན་ཡོངས་བཞེས་པའི། །
                                   དབུ་འཛིན་རྣམས་དང་ལས་བྱེད་ཡོད་ཚད་ཀྱི། །
                                   འབད་པ་ལྷུར་ལེན་མཛད་པའི་བཀའ་དྲིན་དྲན། །

 

                                   བཤེས་གཉེན་རྣམས་ཀྱི་བཀའ་དྲིན་རྗེས་དྲན་གྱི། །
                                   ཚིག་གི་ཕྲེང་བ་སྤེལ་བའི་དགེ་བ་འདིས། །
                                   དུས་གསུམ་ཀུན་ཏུ་བདག་རྣམས་རྗེས་བཟུང་ནས། །
                                   ལུགས་གཉིས་བླང་དོར་འབྱེད་ལ་མཐུ་ཐོབ་ཤོག   །

          ཅེས་པ་ནི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་སྐབས་དང་འབྲེལ། བདག་སོགས་སློབ་ཚོགས་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལོ་རིམ་གྱ་གསུམ་པའི་བཟོ་གསོ་སྒྲ་གསུམ་གྱི་འཛིན་གྲྭ་ལ་སློབ་ཁྲིད་མཛད་མྱོང་བའི་དགེ་བའི་བཤེས་གཉེན་དཔལ་བཟང་པོ་རྣམས་ཀྱི་སྐུ་དྲིན་རྗེས་སུ་དྲན་པའི་ཡིད་རྟེན་ཙམ་དུ་སྤྱི་ལོ༡༩༨༧ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལོ་རིམ་གྱ་གསུམ་པའི་སྒྲ་རིག་པའི་འཛིན་གྲྭ་ནས་མཐར་ཕྱིན་ཅིང༌། ད་ལྟར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་པོའི་དགེ་མིང་ཙམ་འཛིན་པའི་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། གངས་ཅན་རིག་པ་སྨྲ་བའི་ཁྲོད་དུ་རིག་པའི་ཁུ་བྱུག་གམ། བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆ་ཞེས་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ལོའི་ཟླ་བ་བརྒྱད་པའི་ཚེས་བཅུ་བཞིའམ། སྤྱི་ལོ་ལྟར་ན༢༠༡༡ལོའི་ཟླ༡༠པའི་ཚེས༡༠ཉིན་གྱི་ཞོགས་པར་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཞེས་པའི་གྲོང་ཁྱེར་ཆེན་པོའི་ནུབ་ཕྱོགས་སུ་ཆགས་པའི་ཀྲུང་གོའི་མི་རིགས་གཙུག་ལག་སློབ་གྲྭ་ཆེན་མོའི་རང་ཤག་རིག་པའི་ཁུ་བྱུག་རྣམ་དཔྱོད་མཆོག་གི་སྡེར་འབོད་པ་རྩེན་པའི་ལྡིང་ཁང་ནས་དགེ་བའི་བཤེས་གཉེན་དཔལ་བཟང་པོ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་མོད་ལ་ཤིན་ཏུ་གུས་པས་བྲིས་པ་ཀུན་ནས་དགེ་བར་གྱུར་ཅིག་གོ །  སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་རྟེན་འབྲེལ་དུ་བཀྲ་ཤིས་བདེ་ལེགས་ཞུ་ཞུ་ཞུའོ། །

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།