གངས་ལྗོངས་ལགས། ངས་ཁྱེད་ལ་ཡང་གཅིག་འདྲི།

རྩོམ་པ་པོ།:ཡུམ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-26 09:04:00 ཀློག་གྲངས།:

གངས་ལྗོངས་ལགས།  ངས་ཁྱེད་ལ་ཡང་གཅིག་འདྲི།

                                                                                                      ཡུམ་ཚེ་རིང་།

                             ཡུན་རིང་ལོ་རྒྱུས་སུ་གབ་མྱོང་ལ
                             ད་དུང་ལོ་རྒྱུས་སུ་གྱུར་བ       
                             ཁྱོད་ཀྱི་ལྐོག་གྱུར་དང་མཚར་སྡུག་གིས་མི་རྣམས་ཀྱི་ཐེ་ཚོམ་དང་དྲི་བ་མང་པོ་རང་སྟེང་ལ་བཀུག
                             ངས་བར་སྣང་དུ་རྒྱང་བཞུད་བྱེད་པའི་ཚན་རྩལ་པ་མཐོང་མྱོང
                             ངས་ཆུ་བོ་རུ་རྐྱལ་རྩལ་ངོམ་པའི་མཚོ་འགྲུལ་རྟོག་དཔྱད་པ་ཐོས་མྱོང
                             ཡིན་ཡང       ངས་ཡར་ཀླུང་གཙང་བོར་མཆུ་འདབ་སྦྱོར་བའི་ནང་ལོག་ཡུལ་སྐོར་བ་ཐེངས་དང་པོར་ཐོས
                             ངས་པོ་ཏ་ལའི་མདུན་དུ་རྐྱོང་ཕྱག་བཙལ་བའི་ཕྱི་གླིང་མཇལ་སྐོར་བ་ཐེངས་དང་པོར་མཐོང
                             འདི་ནི་ཁྱེད་ཀྱི་གང་ཞིག་ནས་བྱུང་བའི་གཟི་བརྗིད་རེད
                             གངས་ལྗོངས་ལགས  ངས་ཁྱེད་ལ་ཡང་གཅིག་འདྲི

                             ཚན་རྩལ་གྱི་བུ་ཆུང་ཉི་ཟླའི་མཆོང་ཟམ་ན་རྒྱུ་ལ
                             རྟོག་དཔྱོད་ཀྱི་རུ་ཁག་གིས་རྒྱ་མཚོའི་རྦ་རླབས་གཅོད་བཞིན་པའི་དེ་རིང
                             གནའ་བོའི་ཅོང་རྙིང་གིས
                             གཉིད་ལས་མ་སད་པའི་མི་རིགས་ཤིག
                             ད་དུང      རྗེས་ལུས་ཀྱི་ལམ་ན་འཕག་འཚག་བྱེད
                             ཚན་རྩལ་གྱི་རྡོག་འོག་ན
                             རྗེས་ལུས་པ་འཆི་ལམ་ཉག་གཅིག
                             ཁྱེད་རང་འཆི་ཨེ་འདོད
                             གངས་ལྗོངས་ལགས      ངས་ཁྱེད་ལ་ཡང་གཅིག་འདྲི


                             ལེ་དབར་སྟོང་གི་ཕ་རོལ་ན
                             ཁྱེད་རང་ཡི་གེའི་རི་མོར་ཕབ་སྟེ
                             ཀུན་གྱིས་ཡིད་སྨོན་བགྱིད་བཞིན་པ་བདེན་མོད
                             འོན་ཀྱང     ལེ་དབར་སྟོང་གི་ཚུ་རོལ་ན
                             ཁྱེད་རང་འཇིག་རྟེན་འདི་དང་བར་ཐག་ཧ་ཅང་རིང་བ་ག་ལ་རྫུན
                             མུན་ནག   ཀླ་ཀློ   མཐའ་འཁོབ
                             ཁྱེད་ཀྱི་ལུས་ན་མཚང་མིང་གི་བུ་ཡུག་འཚུབ
                             ང་རྒྱལ   ཕྲག་དོག  ནང་དམེ
                             ཁྱེད་ཀྱི་རྩ་སྦུབས་སུ་ནང་རུལ་གྱི་དུག་ཆུ་འཁོལ
                             ཁྱེད་ཀྱིས་ནམ་ཞིག་དུས་རབས་མདུན་པར་ལྟ་ཐུབ
                             མཚར་སྡུག་ལྡན་པའི་ལོ་རྒྱུས་ཀྱི
                             ད་དུང    ཁྱེད་རང་ནམ་ཞིག་འགྱིང་ཐུབ
                             གོ་ལའི་རྩེ་མོ་ནས་འཕྲེད་དུ  
                             གངས་ལྗོངས་ལགས     ངས་ཁྱེད་ལ་ཡང་གཅིག་འདྲི


                             ཁྱོད་རང་ལོ་རྒྱུས་ལས་བུད་པའམ
                             མ་འོངས་བར་སྐྱོད་པར
                             མི་ཅི་འདྲ་མང་པོས་རེ་ཞིང་སྒུག་ཡོད་པ་ལ་ཨང
                             གོ་ལའི་ཤར་ཕྱོགས་ཀྱི་བགྲང་ལས་འདས་པའི་ལྐོག་གྱུར
                             ཁྱེད་ཀྱི་རྡོག་འོག་ན་བཅུག་ཡོད་པས
                             ཁྱེད་རང་མདུན་དུ་སྐྱོད་པའི་གོམ་པ་གཅིག
                             ཕལ་ཆེར་འཛམ་གླིང་ཧྲིལ་བོའི་རྟོགས་སད་ཅིག་ཡིན་ནའང་ཐང
                             ཁྱེད་རང་ནམ་ཞིག་མདུན་དུ་སྐྱོད་རྒྱུ
                             གངས་ལྗོངས་ལགས   ངས་ཁྱེད་ལ་ཡང་གཅིག་འདྲི


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།