ཚིགས་བཅད་སྙན་ངག《ཤ་ཚ་བའི་གཏམ་ལ་སྙན་མོ་མེད》།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-23 10:21:00 ཀློག་གྲངས།:

ཤ་ཚ་བའི་གཏམ་ལ་སྙན་མོ་མེད། 

                                                                                               བོང་སྟག་རི་ལུ།

                                      འཇིག་རྟེན་ཟླུམ་པོ་ཇི་འདྲ་ཆེ་ཡང་འགྲོ་བ་མི་རྣམས་འདྲ་འདྲ་ཡིན།། 
                                      ཚན་རྩལ་དར་བའི་དུས་རབས་ཉེར་གཅིག་ང་ཚོའི་མདུན་ནས་དལ་བུར་འཕགས།།
                                      ས་ཡི་གོ་ལའི་སུམ་གཉིས་བཟུང་བ་གངས་ཅན་བོད་མིའི་གདོང་རྒྱུད་ཅེས།། 
                                      ཁྲ་ཆུང་མིག་གིས་མཐོང་བ་མེད་ཀྱང་དར་ལུང་རྣ་བས་ཐོས་ཚད་ཡོད།།

 

                                      དབང་ཆེན་དཔོན་པོའི་བུ་ཞིག་ཡིན་ན་ང་རྒྱལ་མགོ་བོ་མཐོ་དགོས་སྙམ།།
                                      རྒྱུ་ཆེན་ཕྱུག་པོའི་བུ་མོ་ཡིན་ན་ཁེངས་དྲེགས་འཕོང་ཚོས་ལྡེམ་དགོས་སྙམ།།
                                      རྒྱབ་རི་མེད་པའི་མི་རྐྱང་ང་ཚོ་མི་ཡུལ་འགྲིམས་པའི་ཉམས་ཆུང་ཡིན།།
                                      རང་གི་རིགས་རྒྱུད་གླེང་བའི་ཞོར་དུ་རང་ཁ་གསེར་གྱི་སྒོ་མོ་རྒྱོབས།།

 

                                      སྐད་མགོ་ཧ་ཅང་མཐོ་ཡང་མི་ཉན་གཞན་ལ་ཕོག་ཐུག་བཏང་འགྲོ་སྙམ།།
                                      སྐད་མགོ་ཧ་ཅང་དམའ་ཡང་མི་ཉན་རྫ་དང་རི་ནས་མི་ཐོས་སྙམ།།
                                      སྐད་མགོ་མཐོ་དམའ་འཆོར་ཡང་མི་ཉན་དབྱེན་དང་ཕྲ་མ་འཇུག་ཉེན་ཆེ།།
                                      ང་ཚོས་བསམ་བློ་བཞི་གསུམ་བཏང་རྗེས་རང་གི་སེམས་གཏམ་གསོང་བོར་སྨྲ།།

 

                                      སྤྲེའུའི་ལད་མོ་བསྒྱུར་མཁན་རྣམས་ལ་རྒྱུན་དུ་རང་གིས་དོགས་ཟོན་མཛོད།།
                                      ཝ་མོའི་གཡོ་སྒྱུ་མངོན་མཁན་རྣམས་ལ་རྟག་ཏུ་རང་གིས་ཉན་རེ་ཞོག།
                                      ཁྱི་རྐུན་འོ་གཟོ་ཁ་ནས་མཐུན་ན་ཁྱེད་ཀྱི་སྲོག་ལ་རྒོལ་ཡང་སྲིད།།
                                      རང་གི་ཁྱིམ་རྒྱུད་འཆོར་དུ་མ་འཇུག་གངས་ཅན་བོད་མིའི་གདུང་རྒྱུད་ཚོ།།

 

                                      ཕན་པའི་གཏམ་ཞིག་ཕར་ལ་བརྗོད་ན་སྐུར་འདེབས་བྱེད་པ་བོད་མིའི་རིགས།།
                                      དྲང་བོའི་ལམ་ཞིག་ག་ལེར་བསྟན་ན་སྡང་མིག་སྟོན་པ་བོད་མིའི་སྲོལ།།
                                      རང་གི་རིགས་དང་རུས་པ་གླེང་ན་ཕྲག་དོག་བྱེད་པ་བོད་མིའི་གཤིས།།
                                      གཤིས་ཀ་འདི་རིགས་བསྒྱུར་ཐབས་མེད་ན་བོད་མིའི་རིགས་ལ་རེ་བ་མེད།།


                                      ལོ་ངོ་ཁྲི་ལ་རི་སྒང་དག་ནས་བོད་མིའི་སྤྲེའུའི་ལད་མོ་བསྒྱུར།།
                                      ལོ་ངོ་སྟོང་ལ་གཞན་ལ་འཐབ་ནས་བོད་མིའི་འཚོ་བ་རི་ལ་བཏབ།།
                                      ལོ་ངོ་བརྒྱ་ལ་རི་ནས་འཚོ་བཞིན་བོད་མིའི་མདུང་རྩེ་ནང་ལ་བསྐོར།།
                                      ལོ་ངོ་མང་པོའི་དུས་ཚོད་མི་འདུག་བོད་མིའི་རིགས་རྒྱུད་ཉམས་ལ་ཉེ།།


                                      རི་དང་སྒང་ནས་ཡུན་རིང་བསྡད་པས་ས་དང་རྡོ་རུ་འགྱུར་ཉེན་ཆེ།།
                                      རྟ་དང་ནོར་ལུག་སྐྱོང་བཞིན་སྐྱོང་བཞིན་ང་ཚོའི་རིགས་རྒྱུད་ཚར་ལ་ཉེ།།
                                      ལོ་ངོ་མང་པོའི་དུས་ཚོད་འགོར་ན་ལྷ་སྒྲུང་ཞིག་ཏུ་འགྱུར་ཉེན་ཆེ།།
                                      ད་དུང་མི་རིགས་མང་པོའི་ཁྲོད་ན་ང་ཚོའི་མིང་འདི་འབོར་ལ་ཉེ།།


                                      ལོ་ན་བགྲེས་པའི་རྒན་པོ་རྣམས་ཀྱིས་ལྷ་སྒྲུང་བཤད་ནས་འདུག་ཁོམ་མེད།།
                                      ལོ་ན་གཞོན་པའི་གསར་བུ་རྣམས་ཀྱིས་ཁུ་ཚུར་བསྟན་ནས་འགྲོ་ཁོམ་མེད།།
                                      ལོ་ན་ཆུང་བའི་བྱིས་པ་རྣམས་ཀྱིས་བེའུ་འཚོས་བཞིན་རྩེད་ཁོམ་མེད།།
                                      ལོ་ན་རྒན་གཞོན་ལྷན་དུ་མཛོམས་ཏེ་རིག་གནས་སློབ་གསོ་དར་སྤེལ་ཐོངས།།

 

                                      འདི་ལྟར་བྱམས་དང་སྙིང་རྗེ་ཆེ་བས་ང་ཚོས་གཞན་ལ་ཞབས་ཞུ་བསྒྲུབ།།
                                      འདི་ལྟར་སྐད་དང་ཡི་གེ་དོར་བས་ང་ཚོ་མེས་པོའི་ཞབས་འདྲེན་ཡིན།།
                                      འདི་ལྟར་གོམ་ཁ་དལ་མོར་བསྐྱོད་ན་ང་ཚོ་གཞན་གྱི་རྗེས་ལུས་ཡིན།།
                                      འདི་ལྟར་ནུས་མེད་ཉམས་ཆུང་བྱས་ན་ང་ཚོ་ཉམས་དམུས་འགྲོ་ཡང་སྲིད།།

《རི་བོ་ཉི་ཟླ》ལོ་འཁོར20ལེགས་རྩོམ་འདེམས་བསྒྲིགས་ཞེས་པ་ལས་བཏུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།