རྫོགས་བཞིན་པའི་དུས་ཚོད་ཁྲོད་ཀྱི་ཁྱོད་དང་ངའི་འཇིག་རྟེན།

རྩོམ་པ་པོ།:འབའ་ཚེ་སྨྱོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-20 08:57:00 ཀློག་གྲངས།:

རྫོགས་བཞིན་པའི་དུས་ཚོད་ཁྲོད་ཀྱི་ཁྱོད་དང་ངའི་འཇིག་རྟེན།

                                                                                               འབའ་ཚེ་སྨྱོན།

                         འཇིག་རྟེན་འདི་དུས་ཚོད་ཀྱིས་བསྐྲུན་པ་ཡིན་ན།
                         ངས་ནམ་ཡང་དེར་འཁོན་སེམས་དང་འཁང་ར་བྱེད་མི་སྲིད།
                         གཙང་བོ་འདིས་འཕྲེད་ཀྱིས་བཅད་པའི་ལོགས་གཉིས་ཀྱི་འཇིག་རྟེན་དུ།
                         རྟག་ཏུ་ཉི་ཟླའི་དྲོལ་ཁོལ་ལ་གླན་པའི་སེམས་པ་ཟུང་།
                         གཙང་ངོགས་ཀྱི་པད་མ་དང་ཀུ་མུད་ཀྱི་ཚོགས་བཞིན།
                         ཁྱོད་དགའ་ང་སྡུག ཁྱོད་སུམ་ང་བཞེད་ཀྱི་རབ་རིབ་ཀྱི་ལོ་ཟླའི་ནང་།
                         དུས་ཚོད་ཀྱི་དུས་ཚོད་དེའང་སྐར་ཆའི་ཁོངས་གསེང་ནས་རྒས་སུ་བཅུག་པ་རེད་ཨང་།

 
                         དུས་ཚོད་ནི་ཆུ་མོ་བཞིན་མདུན་ཕྱོགས་སུ་བཞུར་འགྲོ་བའི་དྲན་པའི་ཕྱི་ནང་དུ།
                         དུས་ཚོད་ཀྱིས་ཏག་ཏག་ར་སྤྲོད་བྱས་ཟིན་པའང་ཁྱོད་དང་ངའི་སེམས་པའི་ལོངས་སྤྱོད་ཡིན་ལ།
                         དུས་ཚོད་ཁྲོད་བསྐྱར་ཟློས་བྱེད་བཞིན་པའང་ཁྱོད་དང་ངའི་བརྩེ་པ་ཡིན་ཚེ།
                         དུས་ཚོད་ཀྱིས་ཐག་གཅོད་བྱ་རྒྱུའང་ཁྱོད་དང་ངའི་དུངས་པ་ཅི་ལ་མིན་ཨང་།

 
                         སྒྱུ་འཕྲུལ་འདྲེས་མའི་འབག་བཙོག་གི་ཞིང་ཁམས་འདི་ནས།
                         འདམ་གྱིས་མ་བསྒོ་པའི་པད་མའི་མེ་ཏོག་རྐང་གཅིག་དང་།
                         ཉི་མས་མ་སྐམ་པའི་དྲན་པ་རློན་པ་ཞིག་འཐུ་རྒྱུའང་དངོས་ནས་ཁག་ཨང་།
                         ཆར་རླུང་ཁྲོད་གྲོང་ངེར་འགྱིང་བའི་དྲན་པའི་ཚོས་གཞི་དེས།
                         ཅི་ཞིག་གི་ཁ་མདོག་བསྒྱུར་འདོད་ཀྱི་རེ་བའི་རླངས་པའང་།
                         ནམ་ཞིག་གི་ཚེ་ཁོ་བོའི་ནམ་མཁའ་རུ་མགྲོན་དུ་ཕེབས་སྲིད།

 
                         དྲན་པས་དྲན་པ་བརྩེགས་པ་འཕགས་མ་གང་དེའི་བཀོད་པ་ལགས་ན།
                         སེམས་དང་སེམས་པ་བྲལ་བའང་གང་དེའི་བཀོད་སྒྲིག་ཡིན་ལ།
                         བཞུར་མི་ཚར་བ་ནི་དུས་ཚོད་ཀྱི་ཐག་སྒྲ་ལགས་ན།
                         བཞུར་མི་སྲིད་པའང་ཁྱོད་དང་ངས་འཁྲབ་པའི་ལོ་རྒྱུས་རྫུན་མ་དེ་ཨེ་རེད།
                         འུ་གཉིས་ནི་ལོ་རྒྱུས་བསྐྲུན་མཁན་གྱི་བྱེད་པོ་རྣལ་མ་དེ་ལགས་ན།
                         ལོ་རྒྱུས་ལ་རྫོགས་ཚིག་འབྲི་མཁན་དེའང་འུ་གཉིས་ལས་གཞན་སུ་ཞིག

 ༢༠༡༡ ༨ ༡༦ཉིན་འབའ་གཞུང་དུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།