ངས་ཁྱེད་ལ་དཔེ་ཞིག་འཇོག------སྐབས27པའི་དགེ་རྒན་དུས་ཆེན་ལ་ཕུལ།
ངས་ཁྱེད་ལ་དཔེ་ཞིག་འཇོག
------སྐབས27པའི་དགེ་རྒན་དུས་ཆེན་ལ་ཕུལ།
སྟག་རིག་འབྲུག་ཐར།
ངས་ཁྱེད་ལ་དཔེ་ཞིག་འཇོག
མཐོ་དམའ་མི་སྙོམ་པའི་ལུང་ཁུགས་ཤིག་ན།
ཉི་འོད་ཀྱིས་རྗེས་ལུས་འགམ་ཞིང༌། རྨོངས་འཐོམས་ཀྱི་དྲ་རྒྱ་གཅོད།
ཉི་འོད་དེ་ལུང་ཁུགས་འདིའི་དཀྱིལ་དབུས་སུ་ཉེ་དགའ་ཕྱོགས་ཞེན་མེད་པར་ཁེངས་སྐྱུང་ངང་འཚོ་ཡོད།
ཉི་འོད་དེ་ལུང་ཁུགས་འདིའི་པང་བ་ན་ཉེ་རིང་ཆགས་སྡང་བྲལ་བར་ཉམ་ཆུང་ངང་འཚོ་ཡོད།
ཉི་འོད་བཀྲ་ས་ན་ཡོད་ཚད་ལ་གསོན་ཤུགས་བརྟས་ཡོད་ཅིང༌།
ཉི་འོད་བཞད་ས་ན་ཡོད་ཚད་ལ་ངར་ཤུགས་རྒྱས་ཡོད།
ངས་ཁྱེད་ལ་དཔེ་ཞིག་འཇོག
ཕ་མཐའ་མི་དཔོག་པའི་ནེའུ་གསིང་གི་གཞི་རུ།
སྦྲང་ཆར་གྱིས་སྐོམ་གདུང་གིས་གཟིར་བའི་མེ་ཏོག་གི་ཚོགས་ལ་དངོས་གྲུབ་སྩོལ་ཞིང༌།
རྙིད་སྐམ་གྱིས་ཟོས་པའི་རྩི་ཤིང་གི་ཚོགས་ལ་སྤྲོ་སྣང་ཁྱེར་ཡོང༌།
སྦྲང་ཆར་དེ་ན་སྤང་འདིའི་སྟོང་དབྱིངས་སུ་རང་ཆེ་རང་མཐོ་མེད་པར་ལྷག་བསམ་ངང་འཇོ་ཡོད།
སྦྲང་ཆར་དེ་སྤང་ལྗོངས་འདིའི་བར་སྣང་དུ་གཡོ་སྒྱུ་ཟོལ་བཅོས་བྲལ་བར་བརྟན་བརླིང་ངང་འཇོ་ཡོད།
སྦྲང་ཆར་འཇོ་ས་ན་ཡོད་ཚད་ལ་མཚར་ཉམས་བཀྲ་ཡོད་ཅིང༌།
སྦྲང་ཆར་འཇོ་ས་ན་ཡོད་ཚད་ལ་ལང་ཚོ་རྒྱས་ཡོད།
ངས་ཁྱེད་ལ་དཔེ་ཞིག་འཇོག
སྟེང་འོག་མི་མཉམ་པའི་མཁར་གྲོང་གི་ལྟེ་བར།
སྤྲིན་དཀར་གྱིས་སྤྱོད་ངན་བཅིལ་ཞིང༌། བླུན་རྨོངས་ཀྱི་རྨང་རྡོ་གཏོར།
སྤྲིན་དཀར་དེ་མཁར་གྲོང་འདིའི་ཨ་སྔོན་ན་ར་རིའི་དྲི་མ་དབེན་པར་བརྩེ་ལྡན་ངང་འཚོ་ཡོད།
སྤྲིན་དཀར་དེ་མཁར་གྲོང་འདིའི་མཐོ་ས་ན་ང་རྒྱལ་ཕྲག་དོག་མེད་པར་བྱམས་ལྡན་ངང་འཚོ་ཡོད།
སྤྲིན་དཀར་འཁྱིལ་ས་ན་ཡོད་ཚད་ལ་འབྲས་བུ་གཏམས་ཡོད་ཅིང༌།
སྤྲིན་དཀར་འཁྱིལ་ས་ན་ཡོད་ཚད་ལ་རྒྱལ་ཁ་སྨིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com