ཟ་འཕྲུག་སློང་བྱེད་ཀྱི་སྙན་ངག་རིང་མོ།
སྙན་ཚོམ།
ཀ་ཁའི་ལས་དབང་།
ཁ་སང་རིན་གོང་མཐོན་པོ་བྱིན་ནས་ཉོས་ཤིང་།
དེ་རིང་ཁྲོམ་སྲང་དུ་གཡུགས་རྐྱང་བྱེད་པའི་མུ་ཏིག་དེ་ནི
གླུ་བ་སུ་ཞིག་གིས་དབྱངས་ལ་སྦྱར་ཆོག་ཆོག་ཡིན་མོད།
ནང་མིའི་བར་ཁ་བརྡ་བྱེད་དུས་ཀྱི་བརྡ་རྟགས་འདི་ཉིད།
ང་ལ་མིག་ཆུ་སློང་བར་གྲ་སྒྲིག་བྱེད་བཞིན་འདུག་ཨང་།
༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས༥དགོང་མོར།
ཐབས་ཇུས།
ཁྱོད་ཀྱིས མི་དེར་ཆ་རྒྱུས་ཅི་ཡང་མེད་བཞིན་ཏུ
མཆེ་བ་མེད་པའི་འདྲེ་ཞིག་ཡིན་པར་ཐག་བཅད་བྱུང་།
ཁྱོད་ཀྱིས། སྐད་ཆ་དེའི་ཚིག་གཅིག་ཙམ་ཡང་མ་ཐོས་བར
མདའ་གྲི་མདུང་གསུམ་གྱི་མཚོན་ཆ་གང་སར་གཏད་བྱུང་།
ལྷ་དང་འདྲེ། བདུད་དང་ལྷ་སོགས་མང་དུ་གླེང་མོད།
མདོར་བསྡུས་ན།
དེ་ནི་རང་ཉིད་ལྷ་རུ་བསྒྲུབས་པ་ཙམ་ལས་ཅི་ཡང་མ་རེད།
༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས༥དགོང་མོར།
ཁ་དོག་གི་གསང་བ།
ཁྲོམ་སྲང་ནས་ཀི་རིང་ཞིག་བཏབ་པ་ནི་ནག་པོ་རེད།
རང་ཤག་ནས་འཁྲབ་སྟོན་བྱས་པ་དག་དཀར་པོ་རེད།
དཀར་པོ་དང་ནག་པོ་ནི་རྩེད་ཆས་ཁོ་ནར་ཟད་ཀྱང་།
ཁྱོད་ཀྱི་བཀོད་སྒྲིག་ལྟར་འདོགས་དགོས་པའི་ཐ་སྙད་དེར་འཁྱུད་ཙམ་བྱས་པ་ན།
གསང་བ་དེའི་ཁ་དོག་ཡང་ང་རང་ལས་འཆོར་ས་མི་འདུག
༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས༥དགོང་མོར།
ཕམ་ཁ།
ཁ་བར་རྒོལ་མཁན་ནི་ཚ་ལམ་ལམ་གྱི་ངོ་གདོང་དེ་རེད།
མཚན་མོར་རྒོལ་མཁན་ནི་འཛུམ་ཤིག་ཤིག་གི་རླུང་བུ་དེ་རེད།
དེ་ལྟར་བཤད་ཀྱང་དྲན་གྱིན།
གང་དུའང་ཞིབ་བལྟ་བྱས་མོད།
ང་ཡི་ལང་ཚོ་འཕྲོག་མཁན་དེ་ཡེ་ནས་རྙེད་མ་བྱུང་།
༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས༥དགོང་མོར།
དྲན་པ་བརྡིབས་པ།
ཆུ་ཁོལ་འཐུང་ན་བུ་རྒོད་ཡིན་ཟེར་བ་ནི་བདེན་མིན་མི་ཤེས་ཀྱང་།
ཁོ་བོ་ཆུ་ཁོལ་འཐུང་རྒྱུར་ཧ་ཅང་དགའ།
འདི་ནི་ཁེར་རྐྱང་གི མི་གཙང་བའི་སྐོམ་པ་སེལ་བྱེད་ཙམ་མིན་པས།
བསྟུད་མར་རྔམ་འཐུང་བྱེད་པ་ལ་ཡང་གོ་རིམ་ཞིག་ཡོད་ངེས།
ཕོར་བ་གཅིག གཉིས། གསུམ།
ཡང་ཡང་འཐུང་དུས། སེམས་ཀྱི་ཡི་ག་དེ་ཆེས་ཆེར་ཕྱེས་མོད།
ང་རང་སུ་ཞིག་གི་འཐུང་ཆུ་ཡིན་མིན་གཏན་ནས་ཚོར་མ་བྱུང་།
༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས༥དགོང་མོར།
ཟ་འཕྲུག་སློང་མཁན་དེ།
སྤྲིན་དཀར་དེ་མཐོང་དུས།
མདུན་གྱི་ཕ་བོང་དེའི་ཕྱི་རྟིང་བསློག་ན་བསམ་བྱུང་།
གྲིབ་མ་དེ་རྙེད་དུས།
རྒྱུགས་ཐེངས་གཅིག་གིས་རང་ཉིད་རྒྱ་མར་གཞལ་ན་བསམ་མོད།
ཞིབ་འདང་རེ་བརྒྱབ་ན།
སེམས་སུ་ཟ་འཕྲུག་སློང་མཁན་ནི།
ནགས་གསེབ་ཀྱི་མེ་ལྕེ་དེ་ཡིན་འདུག
༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས༥དགོང་མོར།
རང་ཉིད་ངོ་ཤེས་པ།
ང་རང་ཞ་ར་མིན་པས་ཁྱོད་ལ་བལྟ་མི་ཆོག་པ་ཅི་ཡོད།
ཁྱོད་རང་འོན་པ་མིན་པས་གཏམ་ལ་ཉན་མི་ཆོག་པ་ཅི་ཡོད།
དེ་ལྟར་དྲན་པ་མཁའ་ལ་བསྲིངས་དུས།
མགྲིན་ལམ་ནས་སྟིག་སྒྲ་དང་བཅས་ཅི་ཞིག་ལྷུང་སོང་མོད།
ཅི་ཡིན་མ་ཤེས་པར་ཞིབ་བལྟ་རེ་བྱས་པ་ན།
མདུན་ཕྱོགས་ཀྱི་བུ་མོ་དེས་མཛུབ་མོ་ཀེར་ཏེ།
ཨ་ཁུ་འདིར་ངོ་ཚ་མི་འདུག་ཅེས་པའི་སྐད་ཆ་གློ་བུར་བ་ཞིག་གིས།
ད་གཟོད། རང་ཉིད་སུ་ཡིན་པར་ངོ་ཤེས་བྱུང་།
༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས༥དགོང་མོར།
མཐའ་མའི་དྲི་ཚིག
རྡོ་རྩིག་དེ་ནི་ཆར་ཆུ་འགོག་བྱེད་ཙམ་ག་ལ་ཡིན།
མིག་ཆུ་འདི་ཡང་ངལ་དུབ་སེལ་བྱེད་ཙམ་ག་ལ་ཡིན།
མེ་དང་མེ་སྟག་མཆེད་པའི་ནམ་མཁའ་ནས་ཅི་ཡང་འགྲེལ་ཆོག་མོད།
མི་ལོ་མང་པོ་ཕྱིན་པའི་དུས་ཤིག་ལ།
རྡོ་རྩིག་དང་མིག་ཆུ་དབྱེར་མེད་དུ་འདྲེས་ནས།
གཏམ་རྒྱུད་མ་ཡིན་པའི་ཟེར་སྒྲོས་དེ་དག
སུ་ཞིག་གི་འཁྲབ་གཞུང་དུ་འགྱུར་སྲིད་དམ།
༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས༥དགོང་མོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com