ཆང་ཁང་དུ་སོང་བའི་སེམས་འགྱུ།

རྩོམ་པ་པོ།:རྐང་ཐང་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-27 08:48:00 ཀློག་གྲངས།:

            ཡི་དམ་དང་བནྟེ་གཉིས་ཀྱིས་སློབ་སྦྱོང་གི་ཕན་ཆད་ལས་དུས་ཚོད་ཅིག་བཙལ་ཏེ།ལན་གྲུ་གྲོང་ཁྱེར་གྱི་སྲང་ལམ་གང་ཞིག་གི་ཆང་ཁང་དུ་མཚན་ལས་བྱེད་ཀྱིན་འདུག
            མལ་གྲོགས་ཚོ་གློ་བུར་དུ་ཆ་ཧུར་ཞིག་ལངས་པས་ཕྱི་དྲོའི་དུས་ཚོད་དྲུག་གི་སྟེང་དུ་ཆང་ཁང་དུ་འགྲོ་མགོ་བརྩམས་བྱུང་།སྤྱིར་ཡིན་ན་ང་རང་ཆང་ཁང་དུ་འགྲོ་བར་སྤྲོ་སྣང་མེད་ལ་ཆང་བཏུང་བར་དེ་བས་ཀྱང་སྤྲོ་སྣང་མེད་ནའང་། སློབ་སྦྱོང་གི་ཐད་ནས་རྩེར་སོན་གྱི་རྟགས་མཚན་མེད་པ་དང་རྩེད་འཇོའི་ཁྲོད་ནས་ཀུན་འཕགས་ཀྱི་ཁྱད་ཆོས་ཤིག་མེད་པར། ནམ་རྒྱུན་ཤེས་མེད་ཚོར་མེད་ཀྱིས་དུས་ཚོད་བསྐོར་བར་བྱས་ན་དེ་འདྲའི་ལེགས་པོ་ཞིག་མིན་པར་བསམ་སྟེ། བསམ་བཞིན་དུ་དེ་རིང་ཆང་ཁང་དུ་སོང་སྟེ། མལ་གྲོགས་ཚོ་དང་མཉམ་དུ་མི་ཚེའི་ཕྱིར་དྲན་ཞིག་འཇོག་འདོད་པ་ཙམ་གྱིས་གོམ་ཁ་མི་བསྒྱུར་ག་མེད་བྱུང་ལགས།
            ལན་གྲུའི་གནམ་གཤིས་དྲོད་ཚད་ཧྲེ་ཧྲི་ཏོའུ34ལ་སླེབས་པས། རྒྱ་ལམ་དང་ར་སྐོར་གང་ཞིག་ནས་ཀྱང་རང་ནི་སླ་ངའི་ནང་གི་ཚོད་མ་བརྔོ་བརྔོ་བྱེད་པ་དང་གཉིས་སུ་མ་མཆིས་ལ། དེ་བས་ཚང་མས་སྟོད་ཐུང་ཕུར་ཐུང་རེ་གྱོན་ཏེ་སོས་དལ་གྱིས་ཆང་ཁང་དུ་སྙེགས་ཀྱིན་འདུག      ལམ་འགྲམ་གཡས་གཡོན་ན་ཕལ་ཆེར་གཅེར་བུར་བུད་ལོས་ཡོད་འདོད་པའི་རྒྱ་རྒྱ་མོ་སོགས་ཀྱིས་བསིལ་གདུགས་བདེ་མོ་རེ་འོག་ན་བཟའ་བཏུང་སྤྱིར་བཏང་ཞིག་རོལ་ཚུལ་དེར་བལྟས་ན། གྲོང་ཁྱེར་གྱི་མི་རྣམས་ཞིང་གྲོང་དང་བསྡུར་ན་ཧ་ཅང་སྐྱིད་པར་བསམ་བྱུང་།
            ལུས་པོ་གྲོང་ཁྱེར་གྱི་རླངས་འཁོར་བཞིན་འདུ་འཛི་ཡི་ཀློང་དུ་ཞུགས་ཀྱིན་ཡོད་ནའང་སེམས་པ་སྐར་མདའ་ལྟར་ཕ་ཡུལ་གྱི་ཕྱོགས་སུ་མཆེད་དེ་སའན་ཧའེ་ཧའོ་པྰའི(三会火吧)གམ་དུ་ནམ་ཐོན་ཡང་མ་ཤེས་ཐལ། ལྟོས་དང་ཉིན་དཀར་གྱི་འོད་སྣང་ད་དུང་ཡལ་མེད་ནའང་།སའན་ཧའེ་ཧའོ་པྰ་ཞེས་པའི་ཡིག་འབྲུ་བཞི་བོ་འདི་མངོན་གསལ་གྱིས་དམར་ལམ་ལམ་བྱེད་ཀྱིན་འདུག   ཕར་བལྟས་ཚོད་ཀྱིས་ཆགས་ལྡན་མཛེས་མ་ཞིག་གི་མཆུ་ཏོ་ཡིས་ང་ཚོ་ལ་གཡབ་མོ་བྱེད་པ་དང་ཀུན་ནས་མཚུངས། ཆེ་རྒྱུ་མེད་ལ་ཆུང་རྒྱུ་ཡང་མེད་པའི་སྒོ་ལམ་འདི་གྱེན་དུ་ཕྱོགས་མེད་ལ་ཐད་དུའང་ཕྱོགས་མེད་པར་ཐུར་དུ་ཕྱོགས་ཚུལ་དེར་བལྟས་ན་དངོས་གནས་མི་མ་རབས་དག་གི་འཁྱམས་ཉུལ་བྱེད་ས་ཞིག་ལོས་ཡིན་འདོད། སྐས་ཐེམ་གྱི་ཁ་ཕྱོགས་འགྱུར་ལྡོག་གསུམ་བྱུང་རྗེས་ད་གཟོད་ཆང་ཁང་གི་རྩིས་གཉེར་སྟེགས་བུའི་གཡས་ཕྱོགས་སུ་བབས་འདུག   བདག་གཉེར་བ་གཙོ་གཞོན་དང་ཞབས་ཞུ་བ་ཕོ་མོ་སོགས་ཀྱིས་རང་རང་གི་ས་ན་གད་བདར་བྱེད་པ། མགྲོན་པོ་སྣེ་ལེན་བྱེད་པ། ཟས་ཆང་འདྲེན་པ། རྩིས་གཉེར་བྱེད་པ་སོགས་ཀྱི་བྲེལ་འཚུབ་ཀྱི་འདུ་འགོད་ཀྱི་ལས་སུ་ཞུགས། ལྷག་པར་ཁ་སང་དགོང་མོ་ནས་མགོ་བརྩམས་མ་ཐག་པའི་ཡི་དམ་དང་བནྟེ་གཉིས་ཀྱིས་ཀྱང་གཞན་དག་འདྲ་བར་སྟོད་ལ་དམར་སྨུག་དེ་གྱོན་ནས་ང་ཚོ་ལ་བལྟ་ཁོམ་ཡང་མེད་པར་མགོ་སྒུར་རེ་ལས་ཀ་ཞིག་ལས་ཀྱིན་འདུག
            ང་བསམ་བཞིན་དུ་ཁོ་གཉིས་ཀྱི་མདུན་དུ་བསྲིངས་ཏེ་རྔུལ་ཆུས་བརླན་པའི་ངོ་གདོང་ལ་ཤོག་བུ་ཡིས་ཕྱི་ཁུལ་ཞིག་བྱས་ཏེ།ཤུ་རེ་བྱོས་དང་ཡར་རྒྱས་ཡོད་ཀི་ཞེས་བཤད་པ་ཡིན། ཁོ་གཉིས་ལ་མཚོན་ན་གྲོང་ཁྱེར་ཞིག་ནས་ལས་ཀ་ཞིག་གཉེར་བ་ཆེས་ཐོག་མར་ཡིན་པའི་རྐྱེན་གྱིས་ཁོར་ཡུག་དང་འབྲེལ་བ་གང་གི་ཐད་ནས་ཀྱང་ཅུང་ཟད་ཉམ་ཆུང་ཞིང་བག་འཁུམས་པ་ཞིག་ཡིན་པས། ཁོ་གཉིས་ལ་ང་ཚོ་དང་འདྲ་བའི་གྲོགས་པོ་ཡོད་པར་རྟོགས་ན་གཞན་གྱིས་གང་འདོད་དུ་བརྙས་དམོད་བྱེད་མི་ཐུབ་པ་དང་། མིའི་ཚོད་ལ་བལྟས་ཏེ་མཐོང་ཆུང་བྱེད་མི་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད་ལ།  གཞན་ཡང་ཁོ་གཉིས་ལ་མཚོན་ན་གཞན་གྱི་མངའ་འོག་ནས་འདི་འདྲའི་བྱ་བ་ལྕི་མོ་ཞིག་ད་བར་དུ་ལས་མ་མྱོང་ཕྱིན། ཡིད་ཆད་དང་དཔའ་ཞུམ། སུན་སྣང་སྐྱེས་པར་གདོན་མི་ཟ་བས།ལས་ཀ་ལ་ངོ་ལོག་ཨེ་བྱེད་བསམ་པའི་དོགས་པ་ཞིག་གིས་ཁོ་གཉིས་ལ་སྙིང་སྟོབས་དང་སྐུལ་ལྕག་བཏང་བ་ཙམ་ཡིན།
            T31ཞེས་པའི་ཁང་མིག་ཅིག་ང་ཚོ་ལ་བཀོད་སྒྲིག་བྱས་ཏེ་ནང་དུ་ཡོང་བ་ན། ཡུག་ཅིག་པའི་འབོལ་ཁྲི་དཀར་བོ་ཞིག་དང་དཀྱུས་ཞེང་ཆེ་བའི་ཅོག་ཙེ་ནག་ནག་ཅིག    ད་དུང་སྐད་སྦུག་ཆ་གཅིག   སྒྲ་སྒམ་ཆ་གཅིག  གྱང་ངོས་སུ་བརྙན་འཕྲིན་སྒོ་ལེབ་ལྟ་བུ་ཞིག་དང་།  རྩིས་རྡུལ་སྣོག་ཆས་བཅས་ཆང་ཁང་གི་ཉེར་མཁོའི་དངོས་པོ་དག་མིག་ཁ་ནས་གཟིགས་ཀྱིས་རྒྱུ།
            ཝུ་སོབ་བསྡམས་ལོག་འགའ་དང་སིལ་ཁུ་ཤོག་སྒམ་ཞིག་བླངས་ཏེ་ཙོག་ཙེ་རུ་བཀྲམས་པ་ན། གནམ་བདེ་སྒོ་མོ་ཆེ་ཡི་ཐང་ཆེན་དུ་གུང་ཁྲན་ཏང་གི་དམར་དམག་དག་བསྒྲིགས་ལོས་ཡོད་སྙམ་པ་དང་།  པདྨ་རིག་འཛིན་གྱིས་ཝུ་སོབ་ཀྱི་ཁ་ཏོ་དགུང་དུ་སྤུར་ཞིང་བཀྲ་ཤིས་དོན་འགྲུབ་ཀྱིས་རྩིས་རྡུལ་སྣོག་ཆས་ལས་སྒྲ་དབྱངས་ཤིག་གཏོང་བའི་ངང་ཚུལ་སོགས་ལ་གཞིགས་ན།  ཁོ་ཚོ་མ་གཞི་ནས་བྱ་བ་འདི་དག་ལ་ལས་བགོས་བྱས་ཡོད་པ་དང་འདྲ་ལ།  ཡང་ན་འདི་དག་ལ་གོམས་བྱང་དུ་སོང་ཡོད་པའི་སྣང་བ་ཞིག་སྐྱེས་བྱུང་།
            བསྟུད་མར་ཆང་ཕོར་རེ་ཞབས་སྟེགས་བྱས་རྗེས་པདྨ་རིག་འཛིན་ནས་མགོ་བརྩམས་ཏེ་རང་འགུལ་གྱིས་གླུ་དབྱངས་རེ་ལེན་གྱིན་འདུག        ངའི་མཚམས་ལ་ཐོན་དུས་ངས་ཀྱང་རང་འགུལ་གྱིས་སྟག་ཤར་གླུ་ཞེས་པ་དེ་བླངས་ནས་ཁོ་ཚོ་ལ་ངར་ཤུགས་བསླངས་པ་ཡིན། ཁྱོད་ཀྱིས་ལོངས་ཞེས་ནན་བཤད་བྱེད་མི་དགོས་པར་རང་འགུལ་གྱིས་གླུ་དབྱངས་ལེན་ཚུལ་དེར་བརྟག་ན། རྒྱང་རིང་གྲོང་ཁྱེར་ན་ཡོད་པའི་ཁྱད་ཆོས་ཤིག་ངང་ངམ་གྱིས་ཆགས་འདུག  ཡང་ན་ཞིང་གྲོང་གི་མི་དག་དང་བསྡུར་ན་ཆེས་སྔོན་ཐོན་གྱི་གྲས་སུ་རྩིས་ཆོག 
            མ་གཞི་ནས་ཚ་བ་ཆེ་བ་ཡིན་ནམ། ཝུ་རག་གི་མངར་ཤུགས་ཆེ་བ་ཡིན་ནམ། གང་ལྟར་ཁོག་སྟོད་གཅེར་བུར་བུད་དེ་གནམ་ས་གས་པར་དོགས་པའི་སྦུག་ཆ་དང་བསྡོངས་ཏེ་རྐང་ལག་གི་གཤོག་པ་གང་སར་བརྐྱངས་ཤིང་སྤྱི་གཙུག་གི་སྐྲ་ལོ་གང་སར་བསྒྱུར། དེ་དུས་དོ་ནུབ་ཀྱི་ཆེས་གསོན་མཉམ་གྱི་དུས་ཡིན་ལ་ཆེས་ཀློའུ་རྟགས་སྟོད་པའི་དུས་ཀྱང་རེད།
            མལ་གྲོགས་སོ་སོ་ཡིས་གླུ་དབྱངས་མང་དུ་ལངས་ཡོད་ནའང་། རྟ་མགྲིན་དབང་ཕྱུག་གི་དམངས་གླུ་དེ་ཡིས་ངའི་སེམས་པ་ཆང་ཁང་དང་གྱེས་སུ་བཅུག་སྟེ་ཕ་ཡུལ་གྱི་རི་ཚོགས་སུ་ཉུལ་ཞིང་ཨ་མ་ཡི་མིག་མདངས་དྲན། ཁེ་ཉིན་ཨ་མས་བསྐུར་བའི་ཤོག་སྒོར་ལྔ་བརྒྱ་བོ་དེ་རིང་སིལ་ཁུ་ལ་བསྟིམས་ཤིང་སིལ་ཁུ་སྤྱོད་ཁང་དུ་འདྲེན་བཞིན་ཡོད་པར་བསམ་ན། ང་སིལ་ཁུལ་ཞེན་ཁ་ལོག་གི      འོན་ཀྱང་དེ་ལས་ལྡོག་སྟེ་འཚོ་བ་ནི་མ་གཞི་ནས་འདི་འདྲ་ཞིག་ཡིན་པར་བསམ་པའི་བདེན་ཁ་རང་ཉིད་ཀྱིས་རང་ཉིད་ལ་སྤྲད་རྗེས། རང་ཉིད་ཀྱིས་དབུགས་མ་ལངས་པར་སུལ་ཁུ་སྒོག་འཇུངས་རེ་བྱས་ནི་ཡིན།  ཁོ་ཚོས་ཀྱང་མིག་མ་རྒྱངས་པར་ཝུ་སོབ་སྒོག་འཇུངས་རེ་བྱེད་ཀྱིན་མཆིས།
            སློབ་གྲོགས་ཚོས་རྒྱ་བོད་སོག་དབྱིན་གྱི་གླུ་དབྱངས་མང་དུ་ལངས་ཡོད་ནའང་།  འཕགས་མོ་གཡང་སྐྱབས་ཀྱི་རྒྱ་གླུ་དེ་ཡིས་ངའི་སེམས་པ་འདི་ག་ནས་གྱེས་སུ་བཅུག་སྟེ། ཟི་ལིང་གྲོང་ཁྱེར་གྱི་མཁའ་མཐར་འཕུར་ཞིང་དགེ་ཐོན་སློབ་ཆེན་གྱི་ར་བར་རྒྱུ། དེ་དུས་ཐེངས་སྔོན་མར་ཡུལ་མི་ལྷན་ཚོགས་ཀྱི་ཕྱི་དྲོར་ལྕགས་མོ་བྱམས་ལ་ངོ་འཕྲད་བྱུང་སྟེ་འདོད་མོས་ཀྱི་ལབ་གླེང་ཅི་རིགས་དང་། རང་བྱུང་གི་རྩེད་འཇོ་སྣ་ཚོགས་དྲན་ཞིང་། དྲན་ནས་ཀྱང་ཁོ་མོ་ལ་ཆགས་པའི་ལན་ཆགས་དང་ལན་ཆགས་ལ་ཁོ་མོས་དོ་སྣང་མི་བགྱི་བ་སོགས་དུས་གཅིག་ཏུ་སྒོམ་ན། ང་སྔར་ལས་ཀྱང་གནམ་ལྡིང་ས་ལྡིང་བྱེད་ན་འདོད་ཀི     ཡིན་ཡང་དོན་དག་ཅི་འདྲ་བྱུང་ཡང་རང་ཉིད་ཀྱི་བྱ་སྤྱོད་ལ་རང་གཅུན་ནན་མོ་བྱེད་དགོས་བསམ་སྟེ།  ཁ་མལ་ནས་རང་ཚུགས་ཀྱི་ཉམས་ཤིག་མངོན་ནས་ཁོ་ཚོ་ལ་ཞབས་སྟེགས་རེ་བྱས་ནི་ཡིན།
            དུས་ཚོད་ཐོན་ལ་ཉེ་བའི་སྐབས་སུ།  ང་ཚོས་ཆང་འཐུང་མཚམས་བཞག་སྟེ་མལ་ཁང་དུ་ཡོང་མགོ་བརྩམས་སོང་།  ཡོང་ཁར་ཡི་དམ་དང་བནྟེ་གཉིས་ལ་ཕྱིར་མིག་ཅིག་འཕངས་ནས་བསམ་གཞིགས་ཀྱི་མགོ་བོ་དུད་དེ་ཡོང་དགོས་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།