མི་བུ་ཡར་ལ་སློང་དགོས་དོན།
ཨ་རིན་ལྕགས་རྒྱལ་འབུམ་གྱིས་བསྒྱུར།
ཕ་ཡིན་བུ་“མི་”མ་ཡིན་པའི་སྐོར།
ངས་སྔོན་ཆད་ཡེན་ཡུག་ལིན་གྱིས་དཔེ་དེབ་ཞིག་ཏུ་གླེང་བརྗོད་སྤེལ་ཡོད་པ་མཐོང་མྱོང༌། དཔེ་མིང་དང་མ་ཡིག་བརྗེད་ཚར་འདུག་ཀྱང༌། སྤྱི་ཁོག་འདི་ལྟ་སྟེ། པེ་ཅིན་གྱི་སྲང་ལམ་ནས་བྱིས་པ་མང་པོ་མཐོང་ཐུབ། དེ་དག་ཤིང་རྟའི་བར་ན་འདུར་རྒྱུགས་བྱེད་པས་ཆེས་སྐྲག་ས་ཁོ་ཚོ་གདོང་ཐུག་གིས་ཤི་ཨེ་འགྲོ་སྙམ། ཡང་ཁོ་ཚོ་མ་འོངས་བར་ཅི་ལྟ་བུར་འགྱུར་དོན་ལ་བསམ་ན། དེར་ཡང་དངངས་སྐྲག་སྐྱེས་འོང་ཟེར། སྤྱིར་ཤིང་རྟའི་ཆེ་ཆུང་མ་གཅིག་པ་མ་གཏོགས་ས་གཞན་དུའང་འདི་ལྟར་ལགས། ད་ལྟ་པེ་ཅིན་དུ་ཐོན་དུས་སྣང་ཚུལ་འདི་ལ་ད་དུང་འགྱུར་ལྡོག་མེད་པས། དུས་རྒྱུན་ང་ཡང་སེམས་ཁྲལ་སྐྱེས། ཕྱོགས་གཞན་ནས་ཡེན་ཡུག་ལིན་○1གྱིས་གོ་ལའི་རིམ་འགྱུར་ཞེས་པའི་བརྩམས་ཆོས་སྒྲིག་པར་ཡི་རངས་བྱེད་བཞིན་ཡོད་ལ། གཞན་དང་མི་མཚུངས་བ་ནི། ཁོ་རང་དུས་རབས་བཅུ་དགུའི་སྨད་ཀྱི་ཀྲུང་གོའི་ཚོར་ཤེས་སྐྱེན་པོའི་མི་དེ་ཡིན།
དབུལ་བོའི་བྱིས་པ་སྐྲ་ཟིང་གདོང་སྦགས་ཀྱིས་སྲང་ལམ་ཀུན་ཏུ་མྱུལ་ཅིང༌། ཕྱུག་པའི་བྱིས་པ་འཇོ་སྒེག་སྟངས་སྟབས་ཀྱིས་གཅེས་ལང་ངན་ལང་ངང་ཁྱིམ་དུ་འཁོར། དེ་ལྟར་ཡུན་རིང་ལོན་རྗེས་བྱིས་པ་ཐམས་ཅད་ཟ་རི་ཟི་རིས་སྤྱི་ཚོགས་སྟེང་འཁྱམས་པར་བྱེད། དེ་ཁོ་ཚོའི་ཕ་དང་འདྲ་བའམ་ཡང་ན་ཁོ་ཚོའི་ཕ་ལའང་མི་དོ།
དེར་བརྟེན་ལོ་ཚོད་བཅུ་ལ་ཐོན་པའི་བྱིས་པར་བལྟས་ན། ཕྱིས་ཀྱི་ལོ་ཉི་ཤུའི་ནང་གི་ཀྲུང་གོའི་གནས་བབ་ཚོད་དཔག་ཐུབ་ཅིང༌། ལོ་ཚོད་ཉི་ཤུའི་ན་གཞོན་སྟེ། ད་ལྟ་ཁོ་ཚོ་ཕལ་ཆེ་བར་བྱིས་པ་ཡོད་པས། ཕ་ཞེས་པའི་ཆོ་ལོ་བཏགས་ཡོད། གང་ལྟར་ཁོ་ཚོའི་བྱིས་པ་དང་ཚ་བོའི་སྟེང་དུ་ཚོད་དཔག་བྱས་ཚེ། ལོ་ལྔ་བཅུའི་རྗེས་དང་ལོ་བདུན་ཅུའི་རྗེས་ཀྱི་ཀྲུང་གོའི་གནས་བབ་ཤེས་ཐུབ།
ཀྲུང་གོའི་བྱིས་པ་བཙའ་རྐྱང་བྱེད་པ་ལས་བཟང་ངན་ལ་མི་བལྟ་ཞིང༌། བྱིས་པ་ཇེ་མང་དུ་གཏོང་བ་ལས་དེར་འཇོན་ཐང་ཡོད་མེད་ལའང་མི་བལྟ། མདོར་ན་བྱིས་པ་བཙའ་མཁན་དེས་བྱིས་པའི་སློབ་གསོའི་འགན་མི་ཁུར་བ་རེད། སྤྱིར་“མི་གྲངས་མང་པོ་ཡོད་”ཅེས་པའི་སྐད་ཆ་འདིས། རང་གི་མིག་ཟུང་བཙུམ་ཏེ་ང་རྒྱལ་སྐྱེས་ཆོག་ཆོག་ཡིན་མོད། ཁ་གྲངས་མང་པོའི་མི་གྲངས་དེ་ས་རྡུལ་ཁོ་ནའི་ཁྲོད་དུ་ཨ་ལོག་རྒྱག་དགོས་བྱུང་ལ། ཆུང་དུས་བྱིས་པ་མི་རུ་མི་བལྟ་ཞིང་འཚར་ལོངས་བྱུང་རྗེས་དེ་ཉིད་མི་ཡང་བཅའ་མ་ཐུབ་པ་རེད།
ཀྲུང་གོ་ནས་ཁྱིམ་ཐབ་བསུས་པ་སྔ་ན་གཡང་དུ་བརྩི་ལ། བུ་ཆུང་མང་པོ་ཡོད་ནའང་གཡང་དུ་བརྩི། བྱིས་པ་ཐམས་ཅད་ཁོའི་ཕ་མའི་གཡང་འཁོར་བྱེད་ཀྱི་ཅ་ལག་ཅིག་ཡིན་པ་ལས། མ་འོངས་བར་“མི་”རུ་གཏོང་བྱེད་ཀྱི་མྱུ་གུ་དེ་གཏན་ནས་མིན། དེ་བས། རང་དགར་ཨ་ལོག་བརྒྱབ་ཡང་དེར་དོ་སྣང་བྱ་མཁན་མེད། མདོར་དེད་ན་གྲངས་ཀ་དང་ཅ་ལག་གི་ཐོབ་ཐང་དེ་ནམ་ཡང་ཡོད་པས་ཡིན། སྐབས་རེར་སློབ་གྲྭར་བསྐྱལ་ཟིན་ཡང་སྤྱི་ཚོགས་དང་ཁྱིམ་གྱི་གོམས་གཤིས། ཚོ་དཔོན་དང་གྲོགས་པའི་གཤིས་རྒྱུད་རྩིང་བོ་ཡིས་སློབ་གསོའི་ལོག་ལམ་དུ་ཞུགས་པ་མང་པས། དེ་ཉིད་སྔར་བཞིན་དུས་རབས་གསར་བ་དང་མི་འགབ་པ་རེད། འཚར་ལོངས་བྱུང་རྗེས་སྟབས་ལེགས་ནས་འཚོ་སྡོད་བྱེད་ཐུབ་སོང་མོད། བག་ཆགས་རྙིང་བ་བསྒྱུར་ཐུབ་མེད་ཁར་སྔར་བཞིན་བྱིས་པ་སྐྱེད་མཁན་ཞིག་ཀྱང་ཡིན་འདུག ཁོ་ནི་“མི་”ཡི་ཕ་མིན་པས་བྱིས་པ་བསྐྱེད་ནའང༌། དེར་སྔར་བཞིན་“མི་”རུ་གཏོང་བྱེད་ཀྱི་མྱུ་གུ་འབུས་མི་སྲིད།
བུད་མེད་ལ་ཆེས་མཐོང་ཆེན་མི་བྱེད་པའི་ཨོའོ་གླིང་གི་ལྦེ་མེན་ཀེ་ཨར་(Otto Weininger)གྱིས་བུད་མེད་རིགས་གཉིས་སུ་བགར་ཡོད་དེ། “ཨ་མ་”དང་“སྨད་འཚོང་མ”ཡིན། འདི་ལྟར་ན་སྐྱེས་པ་ཡང་“ཨ་ཕ་”དང་“འཆལ་ཕོ”གཉིས་སུ་བགར་ཆོག དེ་ལས་ཨ་ཕའི་རིགས་འདི་ཡང་བསྐྱར་རིགས་གཉིས་སུ་བགར་ཆོག་སྟེ། གཅིག་ནི་བྱིས་པའི་ཕ་དང་ཅིག་ཤོས་ནི་“མི་”ཡི་ཕ་ཡིན། རིགས་དང་པོས་བྱིས་པ་སྐྱེད་ཤེས་པ་ལས་དེར་སློབ་གསོ་གཏོང་མི་ཤེས་ཁར་འཆལ་ཕོའི་གཤིས་ཀ་ཞིག་ཀྱང་ཅུང་ཙམ་འདུ། རིགས་གཉིས་པས་བྱིས་པ་སྐྱེད་ཤེས་ཤིང་དེར་སློབ་གསོ་ཇི་ལྟར་གཏོང་དགོས་པར་ཡང་བསམ་བློ་གཏོང་གི་ཡོད། དེས་ན། ཁོས་སྐྱེད་པའི་བྱིས་པ་དེ་མ་འོངས་པར་འཐུས་ཚང་གི་མི་ཞིག་ཏུ་འགྱུར་ངེས།
ཆིང་རྒྱལ་རབས་ཀྱི་མཇུག་ཏུ། ཞིང་ཆེན་ག་གེ་མོ་ནས་དགེ་འོས་སློབ་གྲྭ་གསར་དུ་འཛུགས་དུས། དགེ་རྒན་རྒན་པ་ཞིག་གིས་སྐད་ཆ་འདི་ཐོས་རྗེས་མཚར་སྣང་སྐྱེས་ཤིང་ཆབས་ཅིག་ཁོང་ཁྲོའི་ངང་“དགེ་རྒན་ལ་ད་དུང་སློབ་གསོ་གཏོང་དོན་ཅི་ཞིག་རེད། དེར་བལྟས་ན། ད་དུང་ཕ་འོས་སློབ་གྲྭ་ཞིག་ཀྱང་གཟུགས་དགོས་ཚོད་འདུག་”ཟེར། དགེ་རྒན་རྒན་འདིས་ཕ་ཡི་ཐོབ་ཐང་ཡོད་ན་ད་གཟོད་བྱིས་པ་སྐྱེད་ཆོག་པར་སེམས་ཀྱིན་ཡོད། སྤྱིར་ན་བྱིས་པ་སྐྱེད་པ་ནི་རང་བྱུང་གིས་ཤེས་སྲིད་པས་དེར་སློབ་གསོ་གཏང་དགོས་དོན་ཞིག་ཡོད་དམ། འོན་ཀྱང་ད་ལྟའི་ཀྲུང་གོར་དངོས་ནས་ཕ་འོས་སློབ་གྲྭ་ཞིག་གཟུགས་ཏེ་གྲ་སྒྲིག་འཛིན་གྲྭའི་ལོ་རིམ་དང་པོ་ནས་སྒྲུབ་དགོས་མིན་དེ་ཤེས་དཀའ།
ང་ཚོའི་ཀྲུང་གོར་ཆེས་མང་བ་ནི་བྱིས་པའི་ཕ་ཡིན་པའི་རྐྱེན་གྱིས་ཕྱིས་སོར་མཁོ་ནི་“མི་”ཡི་ཕ་ཡིན་ནོ།།
མཆན། ཡེན་ཡུག་ལིན་བྱ་བ་ནི་ཆིང་རྒྱལ་རབས་དུས་མཇུག་གི་དེང་རབས་སུ་གཞོལ་བའི་མཁས་པ་ཞིག་ཡིན་ལ། མིང་གཞན་ཡན་ཧྥི་ཡང་ཟེར། ཁོ་རང་གོང་མའི་བཀའ་ལྟར་དབྱིན་ཇིར་སློབ་སྦྱོང་དུ་བསྐྱོད་ཅིང་ཕྱིར་རང་རྒྱལ་ལ་ལོག་རྗེས། དབྱིན་ཇིའི་ཚན་རིག་པ་ཧོ་ཞོའུ་ལེར་(Thomas Henry Huxley,1825-1895)རིམ་འགྱུར་རིག་པ་དང་མི་ཆོས་རིག་པ་གླེང་བ་ཞེས་པའི་ཆེད་རྩོམ་ཞིག་ཡོད་པར་དཔེ་བལྟས་ཏེ། དེའི་ནང་དོན་གཙོ་བོ་ཁག་ཕྱོགས་བསྡུས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་བར་གོ་ལའི་རིམ་འགྱུར་ཞེས་བྱ། དེ་བས་སྐུ་ཞབས་ལུའུ་ཞུན་གྱིས་ཡན་ཧྥི་ཡིས་ཧོ་ཞོའུ་ལེར་གྱི་བརྩམས་ཆོས་སྒྲིག་མྱོང་ཞེས་ཟེར་གྱིན་ཡོད།
“སྒེར་གྱི་ང་རྒྱལ་”དང་“ཐུན་མོང་གི་ང་རྒྱལ”་སྐོར།
ཀྲུང་གོའི་མི་གནའ་ནས་བཟུང་ང་རྒྱལ་ཆེ་བར་འདུག ཡིན་ནའང་ཡིད་ཕངས་པ་ནི་“སྒེར་གྱི་ང་རྒྱལ་”མེད་ལ། ཡོད་པ་ནི་“ཐུན་མོང་གི་རྒྱལ་གཅེས་ཀྱི་ང་རྒྱལ་”དེ་རེད། འདི་གཙོ་བོ་རིག་གནས་འགྲན་རྩོད་ཁྲོད་རང་ཉིད་ཕམ་རྗེས་ཡང་བསྐྱར་ཡར་ལངས་དང་བཅོས་བསྒྱུར་མ་བྱས་པས་ལན།
“སྒེར་གྱི་ང་རྒྱལ་”ཟེར་བ་ནི་ཐུན་མིན་ནམ་སྒེར་ཚུགས་ཀྱིས་ཤེས་རྨོངས་པའི་ཚོགས་ལ་དམག་བརྡ་གཏོང་བ་དེ་རེད། དེ་ཡང་སྨྱོ་ནད་རིག་པའི་ངོས་ཀྱི་སྨྱོ་རྟགས་ཕུད་འདི་ལྟ་བུའི་ང་རྒྱལ་ལ་སྐྱེས་སྟོབས་ཤེས་རབ་ཀྱི་ཆ་ཅུང་ཙམ་ཡོད། ནོར་རྡོ(nordau)སོགས་ཀྱི་བཤད་སྲོལ་ལྟར་ན། ཧམ་ཉམས་ཀྱི་ཆ་ཡང་ཅུང་ཟད་འདྲེས་ཡོད་ཅེས་བཤད་ཆོག ཁོ་ཚོས་རང་ཉིད་ཀྱི་བསམ་བློ་དང་ཤེས་རྒྱ་དེ་ཤེས་རྨོངས་པའི་ཡན་ལ་སླེབས་ཡོད་པར་འདོད་ཅིང༌། དེར་ཤེས་རྨོངས་པ་དག་གིས་གོ་བ་ལོན་མི་ཐུབ་པར་རྐྱེན་བྱས་སྤྱི་ཚོགས་འདི་དང་འདིའི་གོམས་སྲོལ་ངན་པར་སྡང་སེམས་སྐྱེས་ཏེ། རིམ་གྱིས་འཁོར་བར་ཞེན་ལོག་པ་དང་ཡང་ན་“རྒྱལ་དམངས་ཀྱི་དགྲ་ཟླར་”གྱུར་བ་རེད། འོན་ཀྱང་བསམ་བློ་གསར་བ་ཡོད་ཚད་ཁོ་ཚོ་ལས་འབྱུང་ཞིང་ཆབ་སྲིད་དང་ཆོས་ལུགས། ཀུན་སྤྱོད་སྟེང་གི་བཅོས་བསྒྱུར་ཡང་ཁོ་ཚོ་ལས་མགོ་བརྩམས་པ་ཡིན། དེར་བརྟེན། འདི་འདྲའི་“སྒེར་གྱི་ང་རྒྱལ་གྱི་”རྒྱལ་དམངས་མང་པོ་ཞིག་ཡོད་ན། དེ་ནི་ད་གཟོད་གཡང་རེད་ལ་བསོད་ནམས་ཀྱང་རེད།
“ཐུན་མོང་གི་ང་རྒྱལ་”ལམ་“རྒྱལ་གཅེས་ཀྱི་ང་རྒྱལ་”ནི། རིས་ཆད་གཞན་རྒོལ་གྱིས་སྐྱེས་སྟོབས་ཀྱི་ཤེས་རབ་མངའ་བའི་མི་ཉུང་ཤོས་དེར་དམག་བརྡ་གཏོང་བ་ཡིན་ལ། དེ་ལས་རྒྱལ་ཁབ་གཞན་པའི་རིག་གནས་སུ་འགྲན་རྩོད་བྱེད་པ་དེ་ཞོལ་གྱི་ལས་ཀ་ཡིན། ཁོ་ཚོར་རང་ཉིད་ལ་འཇོན་ཐང་ཅི་ཡང་མེད་ཀྱང་འུད་ཤོབ་རང་ངོམ་བྱེད་ཐུབ་པ་རེད། དེ་བས། ཁོ་ཚོས་རྒྱལ་ཁབ་འདི་གྲིབ་མའི་ཚུལ་དུ་བཞག་ནས་རྒྱལ་ཁབ་འདིའི་གོམས་སྲོལ་དང་སྒྲིག་གཞིར་ཆེས་མཐོ་སར་གཏད་དེ་བསྟོད་པ་རྐྱང་རྐྱང་བྱེད་ལ། ཁོ་ཚོའི་མ་རྐང་རིག་གནས་སམ་མེས་པོའི་རིག་གནས་སུ་འདི་འདྲའི་གཟི་བརྗིད་ཡོད་་པར་གླེང་ན་ཁོ་ཚོ་རང་ཉིད་ཀྱང་རང་ཤུགས་ཀྱིས་ཆེས་གཟི་བརྗིད་ཀྱི་མི་རུ་གྱུར་འགྲོ་བ་རེད། གལ་ཏེ་གཞན་གྱི་ཚུར་རྒོལ་ལ་འཕྲད་ཚེ། ཁོ་ཚོས་ཀྱང་གདོང་དངོས་སུ་བསྟན་དགོས་དོན་མེད་དེ། གྲིབ་མའི་ཁྲོད་ན་འདི་ལྟ་བུའི་འུད་ཤོབ་སྒྲོག་རོགས་ཀྱི་མིའི་གྲངས་ཀ་ཧ་ཅང་མོད་པས། མི་ངན་གཏུམ་སྤྱོད་ཅན་གྱི་ལག་ཐབས་སྤྱད་པས་ཆོག་སྟེ། མུ་ཅོར་ཐེངས་ཤིག་གིས་ཁོ་ཚོས་རྒྱལ་ཁ་ལེན་ངེས། རྒྱལ་ན་ང་ནི་མི་ཚོགས་དེའི་ཁྲོད་ཀྱི་གཅིག་ཡིན་པས་རང་ཤུགས་ཀྱིས་ཀྱང་རྒྱལ་སྲིད་ཅིང༌། ཕམ་དུས་མི་ཚོགས་ཁྲོད་ན་དེ་ལྟ་བུའི་མི་མང་པས། ང་གཅིག་པུར་གྱོང་གུད་ཐེབས་སྲིད་པའི་ངེས་པ་ཡང་ཁྱོན་ནས་མེད། མི་མང་པོས་དོན་དག་བཟོས་ཚེ་གོང་གི་འདི་འདྲའི་སེམས་ཁམས་ཤིག་ཡོད་དེ། མཐར་གཏུགས་ན་འདི་ནི་ཁོ་ཚོའི་སེམས་ཁམས་ཀྱང་ཡིན། ཁོ་ཚོའི་སྦྱོར་བ་ལ་ཕར་བལྟོས་ཚོད་ཀྱིས་ངར་ཤུགས་ལྡན་པ་ཞིག་ཏུ་འཁུམས་ཀྱང༌། དོན་དངོས་ཀྱིས་ཐ་ཤུལ་སྡར་མའི་རང་གཤིས་མངོན་འདུག དེ་བཞིན་དེ་ལས་བསྐྱེད་པའི་འབྲས་བུ་ཡང་གནའ་ལུགས་སླར་གསོ་དང་གོང་མ་བཀུར་བ། ཆིང་སྐྱོར་ཕྱི་འགོག་སོགས་ཡིན་ལ་འདིའི་སྐོར་སྔ་ནས་གོ་ཐོས་མང་དུ་བྱུང་ཡོད། དེར་བརྟེན། “ཐུན་མོང་གི་རྒྱལ་གཅེས་ཀྱི་ང་རྒྱལ་”ཡོད་པའི་རྒྱལ་དམངས་མང་ན། དེ་ནི་ཡིད་སྐྱོ་དགོས་པ་ཞིག་རེད་ལ་བཀྲ་མི་ཤེས་པ་ཞིག་ཀྱང་རེད།
བཀྲ་མི་ཤེས་པའི་ཀྲུང་གོ་འདིར་ཏག་ཏག་འདིའི་རིགས་ཀྱི་ང་རྒྱལ་ཅན་མང་པོ་ཡོད་དེ། གནའ་མིའི་ཅི་བཤད་ཇི་སྒྲུབ་ཀུན་པོ་མི་ལེགས་པ་གཅིག་ཀྱང་མེད་ལ་དེ་ལྟར་བསྒྲུབ་པར་ཡང་བག་མི་ཚ་བས། བཅོས་བསྒྱུར་བྱ་དགོས་ཞེས་སུས་བཤད་ཕོད་དམ་ཟེར། འདི་འདྲའི་རྒྱལ་གཅེས་ཀྱི་ཐུན་མོང་གི་ལྟ་ཚུལ་དེར་སོ་སོའི་བཤད་སྟངས་མི་འདྲ་ནའང༌། རྩ་བ་གཞི་གཅིག་ཏུ་བབས་ཡོད་ལ་སྡོམ་རྩིས་ཤིག་བརྒྱབ་ན། དེ་རིགས་ལྔ་རུ་བགར་ཆོག་སྟེ།
ཀ་བས། ཀྲུང་གོའི་ས་རྒྱ་ཆེ་ཞིང་གཏེར་ཁ་འཛོམས། སྔོག་འདོན་ཡང་ཆེས་སྔ། ཀུན་སྤྱོད་གནམ་འོག་འདི་ནས་ཐོག་དང་པོ་ཡིན་ཟེར། འདི་ནི་ཡོངས་སུ་འགན་མི་ཁུར་བའི་རྟགས་ཤིག་རེད།
ཁ་བས། ཕྱི་རྒྱལ་གྱི་དངོས་པོའི་དཔལ་ཡོན་དར་ན་ཡང༌། ཀྲུང་གོའི་བསམ་པོའི་དཔལ་ཡོན་དེ་ལས་ལྷག་ཟེར།
ག་བས། ཕྱི་རྒྱལ་གྱི་ཅ་ལག་དེ་ཀྲུང་གོར་སྔ་མོ་ནས་ཡོད། ཚན་རིག་ག་གེ་མོ་ཡང་དམ་པ་ཆེ་གེ་མོས་གླེང་མྱོང་ཟེར། རིགས་འདི་གཉིས་ནི་གནའ་དེང་ཀྲུང་ཕྱིའི་དབུ་མའི་ལམ་གྱི་བཤད་སྟངས་ཤིག་ཡིན་ལ། ཀྲང་ཀྲི་ཏོང་གི་སྐད་ཆར་གཞི་བཅོལ་ན། “ཀྲུང་གོའི་རིག་གནས་རྟེན་གཞི་ཡིས་ཕྱིའི་རིག་གནས་བཀོལ་བའི་”མི་སྣ་དག་ཡིན་པ་རེད།
ང་བས། ཕྱི་རྒྱལ་ལ་ཡང་སྤྲང་བོ་དང་སྤྱིལ་བུ། སྨད་འཚོང་མ། འདྲེ་ཤིག་ཡོད་ཟེར། འདི་ནི་སྒྱིད་ལུག་གམ་ཕྱིར་བཤོལ་རང་བཞིན་གྱི་ངོ་རྒོལ་རེད།
ཅ་བས། ཀྲུང་གོ་དམུ་རྒོད་ཡིན་ན་བཟང་ཟེར། ཡང་མུ་ནས། ཁྱོད་ཀྱིས་བཤད་ན་ཀྲུང་གོའི་བསམ་བློ་རྙོག་ཟིང་རེད་ཟེར། དེ་ནི་ང་ཚོའི་མི་རིགས་འདིས་བཟོས་པའི་འབྲས་བུ་ཡིན་པ་རེད། གནའ་མེས་པོ་ནས་བཟུང་བུ་རབས་ཚ་རྒྱུད། འདས་ཟིན་པ་ཚང་མར་བསམ་བློ་རྙོག་ཟིང་གི་རྒྱུན་བསྲིངས་ཡོད་ཁར་མ་འོངས་བ་ཡང་དེ་བཞིན་འོང་ངེས། ཁྱོད་ཀྱིས་ང་ཚོ་རྩ་མེད་དུ་གཏོང་ནུས་སམ་ཟེར། བཤད་སྟངས་འདི་ང་བ་དང་བསྡུར་ན་གཏིང་ཟབ་སར་ཕྱིན་ཡོད་དེ། ཆེས་མ་མཐའ་ཡང་མི་གཞན་པ་ཐག་ཞོར་འབྲེང་དྲུད་མི་བྱེད་ལ། ལྡོག་ཏེ་རང་ཉིད་ཀྱི་སྐྱུག་བྲོ་བོའི་ཚུལ་དེ་ངར་མདོག་བྱེད། སྐད་ཆའི་སྦོམ་ཚད་ཀྱིས་ངོས་ནས་ཆུ་ངོགས་གཏམ་རྒྱུད་ནང་གི་ཉི་ཨར་གྱི་བཟོ་ལྟ་དེ་ཡོད་འདུག
གོང་གི་བཤད་སྟངས་རིགས་ལྔ་ལས། ཀ་བ་དང་ཁ་བ། ག་བ། ང་བའི་བཤད་སྟངས་དེ་འཆལ་གཏམ་ཡིན་ནའང༌། ཅ་བ་དང་བསྡུར་ན་གུ་ཡངས་གནང་ཆོག་སྟེ། ཁོ་ཚོར་ད་དུང་ང་རྒྱལ་གྱི་སེམས་པ་ཅུང་ཙམ་ཡོད་པས་ཡིན། དཔེར་ན། རང་ཉིད་ཉམས་རྒུད་དང་གཞན་ཕྱོགས་དར་རྒྱས་སུ་འགྲོ་བ་མཐོང་དུས། སྐད་ཆ་སྦོམ་པོ་བཤད་པ་དང་སྒྲོབ་ཉམ་སྟོན་པ། ཡང་ན་གཞན་གྱི་སྐྱོན་ཉག་ཙམ་རེ་བཙལ་ཏེ་རང་ཉིད་གསེད་བཀྲོལ་བྱེད་པ་དེ། ལྟོས་ཚོད་ཀྱིས་དགོད་བྲོ་བ་ཞིག་ཏུ་འཁུམས་ཀྱང༌། རང་གི་ཁ་མིག་བོར་ཞིང་ད་དུང་མེས་པོ་ནས་བརྒྱུད་པའི་ནད་རྙིང་ཡིན་ཚུལ་གཞན་ལ་འུད་ཤོམ་བྱེད་པ་དང་བསྡུར་ན་ཅུང་ཡག་པོ་རེད།
དེ་ཡང་ཅ་བའི་བཤད་སྟངས་ཅུང་འཕྱི་ན་ཡང༌། ངས་ཉན་དུས་སེམས་པ་གྲང་ཤུར་ཤུར་བྱེད་ཅིང༌། དེ་ནི་ཁོའི་དྲན་ཚུལ་འཇིགས་སུ་རུང་བ་ཁོ་ན་མིན་པར་ཁོས་བཤད་པ་དེ་དོན་དངོས་དང་མཐུན་པའི་གནད་ཀྱིས་ཡིན། བསམ་བློ་རྙོག་ཟིང་གི་མེས་པོས་བསམ་བློ་རྙོག་ཟིང་གི་བུ་རབས་ཚ་རྒྱུད་བསྐྱངས་བྱུང་ལ། ཏག་ཏག་འདི་ནི་རིགས་རྒྱུད་ཀྱི་སྤྱི་འགྲོས་ཤིག་ཡིན། མི་རིགས་ཀྱི་རྩ་བ་བརྟན་པོར་ཆགས་ཟིན་ནས་བཟང་ངན་གང་ཡིན་རུང་དེ་བསྒྱུར་དཀའ་བ་ཞིག་རེད། ཧྥ་རན་སེའི་G.Le Bonབྱ་བའི་མི་རིགས་རིམ་འགྱུར་གྱི་སེམས་ཁམས་ཞེས་པར། འདིའི་སྐོར་བཤད་ཡོད་ཀྱང་མ་ཡིག་ཇི་བཞིན་སེམས་ན་མེད། ཡིན་ཡང་སྤྱི་ཁོག་འདི་ལྟ་སྟེ། ང་ཚོའི་བྱེད་སྟངས་ཚང་མར་རང་ཉིད་ཀྱིས་བདག་པོ་རྒྱག་གིན་ཡོད་པ་འདྲ་ནའང། དོན་དངོས་ཀྱིས་མི་རྙིང་བས་དབང་བསྒྱུར་ཡི་ཡོད། ང་ཚོའི་མི་རབས་འདི་དང་རབས་བརྒྱ་ཕྲག་ལྷག་གི་མི་རྙིང་བ་དག་བསྡུར་ན། གྲངས་ཀའི་ཐད་ང་ཚོ་དེ་ཚོའི་དོ་ཟླ་མིན་ཞེས་གསུངས། རབས་བརྒྱ་ཕྲག་ལྷག་གི་ང་ཚོའི་མེས་པོའི་ནང་དུ་བསམ་བློ་རྙོག་ཟིང་གི་མི་ཉུང་ཉུང་མིན་ཏེ། ཏའོ་ཅོའི་ལུགས་ཀྱི་ཆོས་བཤད་པའི་རུའུ་ལུགས་པ་ཡོད་ལ་ཕོ་མོ་འབྱུང་བ་ལྔ་བཤད་པའི་ཏའོ་ལུགས་པ་ཡང་ཡོད། འཆི་མེད་རིལ་བུ་སྒྲུབ་པའི་ཉམས་ལེན་པ་ཡོད་ལ་རྡུང་རེས་རྒྱག་པའི་ཟློས་གར་བ་ཡང་ཡོད། དེ་བས་ད་ལྟ་ང་ཚོ་“མི་”དངོས་མ་ཞིག་བཅའ་བསམ་ནའང༌། ཁྲག་ལམ་ན་རྒྱུ་བའི་བག་ཆགས་རྙིང་བ་དེས་གཏོར་བརླག་མི་བཟོ་བའི་ངེས་པ་ཁྱོན་ནས་མེད་ན། ང་ཚོ་ཡང་རང་དབང་མེད་པར་འཆི་མེད་རིལ་བུ་དང་ཟློས་གར་བའི་གདོང་འབག་ལ་ཞིབ་འཇུག་བྱེད་པའི་མི་དེ་དག་རུ་མི་འགྱུར་གྲང༌། འདི་ནི་དངོས་ནས་སེམས་པ་གྲང་ཤུར་ཤུར་དུ་གཏོང་བྱེད་དེའོ།། འོན་ཀྱང༌། ངས་རྙོག་ཟིང་གི་བསམ་བློའི་རྒྱུད་ཀྱི་གནོད་པ་འདི་རེག་དུག་ལྟ་བུར་ཡོད་ཚད་གསོན་དུ་མི་འཇུག་པའི་ཆེས་འཇིགས་སུ་རུང་བ་ཞིག་ཏུ་རེ་བར་མེད། ད་ལྟ་རེག་དུག་སེལ་བའི་སྨན་གསར་གཏོད་བྱས་ཡོད་པ་དེས་ལུས་སྟེང་གི་རེག་དུག་སྨན་བཅོས་བྱ་ཐུབ་པ་ཇི་བཞིན། ངས་ཀྱང་བསམ་བློའི་སྟེང་གི་རེག་དུག་སྨན་བཅོས་བྱ་ཐུབ་པའི་སྨན་ཞིག་ཡོད་པར་རེ་བཞིན་ཡོད། སྤྱིར་ན་སྨན་འདི་སྔ་མོ་ནས་གསར་གཏོད་བྱས་ཡོད་དེ། དེ་ནི་“ཚན་རིག་”ཅེས་པའི་སྨན་རིལ་དེ་རེད། དེས་ན་བསམ་བློའི་སྟེང་རང་གི་ཁ་མིག་བོར་བའི་གྲོགས་པོ་དེ་དག་གིས་ཀྱང་མེས་པོའི་ནད་རྙིང་ཡིན་ཞེས་དར་ཆ་འཕྱར་ཏེ་སྨན་འཐུང་རྒྱུར་རྒོལ་གཏམ་མི་སྤྲོ་བར་རེ་བཞིན་ཡོད། ཀྲུང་གོའི་རྙོག་ཟིང་གི་བསམ་བློའི་ནད་རྙིང་འདི་ཡང་ནམ་ཞིག་ཡོངས་སུ་དྲག་སྐྱེད་ཡོང་ངེས། མེས་པོའི་སྟོབས་ཤུགས་ཇི་འདྲའི་ཆེ་ཡང་དུས་ད་ལྟ་ནས་བསྒྱུར་བཅོས་བྱེད་དགོས་ཏེ། རྙོག་ཟིང་གི་བསམ་ཚུལ་དང་རྙོག་ཟིང་གི་བསམ་བློ་གྲུབ་བྱེད་(དཔེར་ན་རུའུ་ལུགས་དང་ཏའོ་ལུགས་འདྲེས་མའི་དཔེ་ཆ་ལྟ་བུ)གཙང་མར་བྱི་དོར་བྱས་ཤིང༌། རྣག་ཐོག་ཁབ་གཙགས་ཀྱིས་སྨན་བཅོས་གནང་ན་རེངས་པོར་ཕན་ནུས་ཐོན་མི་སྲིད་ཀྱང༌། ནད་དུག་གི་སྲིན་འབུ་རེ་རེ་སྔར་བཞིན་ཇེ་ཉུང་དུ་གཏོང་ངེས། འདི་ལྟར་རབས་དུ་མ་ཞིག་གི་རྗེས་སུ་ང་ཚོ་ཡང་མེས་པོར་གྱུར་དུས། བསམ་བློ་རྙོག་ཟིང་གི་མེས་པོར་སྟོབས་ཤུགས་ག་ཚོད་ཡོད་པ་ཤན་འབྱེད་ཐུབ་ཅིང༌། དུས་དེར་ངོ་བོ་འདི་ཡོངས་སུ་བསྒྱུར་བའི་གོ་སྐབས་ཀྱང་རེག་ཐུབ། དེ་བཞིན་སྐུ་ཞབས་Le Bonཡི་ལྟ་ཚུལ་དེར་ཡང་དེ་འདྲའི་སྐྲག་དགོས་དོན་ཡོད་པ་མ་རེད།
གོང་གི་འདི་ནི་ང་ཡིས་“འཚར་ལོངས་མེད་པའི་མི་རིགས་ཤིག་”ལ་བཏོན་པའི་སྨན་བཅོས་བྱ་ཐབས་ཡིན་ལ། “རྩ་མེད་དུ་གཏོང་བའི་”བཤད་ཚུལ་དེར་ཁུངས་མེད་པས་ཅི་ཡང་མ་སྤྲོས་ཀྱང་ཆོག ཡང་གཅིག་བཤད་ན། “རྩ་མེད་དུ་གཏོང་བ་”ཞེས་པའི་འཇིགས་རུང་གི་མིང་ཚིག་འདི་ང་ཚོ་མིའི་རིགས་ཀྱིས་བཤད་པའི་སྐད་ཆ་ཞིག་ཡིན་ནམ། དེ་ནི་ཀྲང་ཞིན་ཀྲུང་ལྟ་བུའི་མི་འདི་རིགས་ཀྱིས་སྔོན་ཆད་འདི་ལྟར་གླེང་མྱོང་ནའང༌། ད་ལྟ་མིའི་རིགས་ཀྱིས་རྣ་རྒྱབ་ཀྱི་རླུང་ལ་བསྐུར་ཞིང་དོན་དངོས་ཀྱིས་དེས་ཅི་ཞིག་བདེན་དཔང་བྱས་སོང༌། འོན་ཀྱང༌། ང་ལ་སྐད་ཆ་ཞིག་ཡོད་པ་ནི། གོང་གི་ཅ་བ་ལྟ་བུའི་སྐུ་ཞབས་ཚོར་གདམས་པ་ཡིན་ཏེ། “རྩ་མེད་དུ་གཏོང་བ་”ཞེས་པའི་སྐད་ཆ་འདིས་མི་ལ་འཇིགས་སྐྲག་བཟོ་ནུས་ཀྱང་རང་བྱུང་ཁམས་ལ་འཇིགས་སྐྲག་བཟོ་ནུས་པ་མ་རེད། རང་བྱུང་ཁམས་ལ་སྙིང་རྗེ་ཅུང་ཙམ་ཡང་ཡོད་པ་མིན་ཏེ། རྒུད་པའི་ལམ་དུ་ཞུགས་འདོད་ཀྱི་མི་རིགས་ཤིག་ལ་འཕྲད་ཚེ་རང་བྱུང་ཁམས་ཀྱིས་དེར་སྣང་མེད་སྒོས་བཀག་འགོག་རྩ་བ་ནས་བྱེད་མི་སྲིད། ང་ཚོ་རང་ཉིད་འཚོ་སྡོད་འདོད་ཁར་མི་གཞན་གྱི་འཚོ་སྡོད་ལ་ཡང་རེ་བ་བྱེད་དགོས། ང་ཚོས་ཕ་རོལ་པོ་རྩ་མེད་དུ་སོང་བར་མི་བཟོད་དེ། ཕ་རོལ་པོ་རྩ་མེད་དུ་སོང་ན་ཞར་ལ་ང་ཚོ་ཡང་ཐག་ཞོར་འབྲེང་དྲུད་ཀྱིས་རྩ་མེད་དུ་འགྲོ་ངེས། དེ་བས་ང་ཚོ་ཅི་ལ་བྲེལ་འཚུབ་མི་སྐྱེས། གལ་ཏེ། མིག་སྔའི་གནས་བབ་མ་བསྒྱུར་བར་དར་རྒྱས་སུ་སོང་ཏེ་རང་དབང་དང་བདེ་སྐྱིད་ཀྱི་འཚོ་བ་རྙེད་ཐུབ་ཚེ། ང་ཚོ་དམུ་རྒོད་ཡིན་ཡང་ཆོག་པར་སྨྲ་ན། འདི་བདེན་པ་རང་རེད་ཟེར་མཁན་ཨེ་ཡོད་དམ།
དེང་རབས་ཀྱི་གཤེད་མའི་སྐོར།
ཡ་རབས་པས། “ཕལ་སྐད་ནི་རྡོ་ཆག་བཙན་སྒྲིག་ཡིན་ལ། ཤེས་ཡོན་པས་བཀོལ་བའི་རིན་ཐང་མེད་”ཟེར།
ཀྲུང་གོའི་ཡིག་རྨོངས་པས་ལབ་གླེང་མ་གཏོགས་ཅི་ཡང་མི་ཤེས་པས། “རྡོ་ཆག་བཙན་སྒྲིག་”ཟེར་ན་འདིར་འགྲེལ་དགོས་དོན་མི་འདུག “རང་གིས་གནའ་ཡིག་མ་ཤེས་པས་ཕལ་སྐད་ལབ་པར་སྐུལ་མ་ཡིས་རྩོམ་ཡིག་འབྲི་བ་ནི་རང་མགོ་གཡོགས་པ་རང་རེད་”ཟེར། ཞར་ཏུ་ང་ཚོ་ལྟ་བུའི་མི་དག་ཀྱང་“རྡོ་ཆག་བཙན་སྒྲིག་”ཡིན་པ་སྨྲོས་མི་དགོས། ཆེས་ཡུ་མུག་པ་ནི། 《དྲི་ཟའི་གྲོང་ཁྱེར་》○1ནང་གི་དམ་པའི་རྒྱལ་ཁབ་ཀྱི་ཆང་མ་ལྟར། ཁ་གདངས་ཚོད་ལ་“ཆང་དམ་བེ་གཅིག དམ་བེ་གཉིས། བརྔོས་ཚོད་སྡེར་མ་གཅིག སྡེར་མ་གཉིས་”ཟེར་ཞོར་ཚེ་གང་བོར་ཡ་རབས་ཀྱིས་འདུག་པ་དེ་བཞིན་ཡ་རབས་པའི་རྟུལ་ཞུགས་ཁོ་ཚོས་ཀྱང་འཛིན་འདོད་མེད་པ་རེད། འོན་ཀྱང༌། གནའ་རྩོམ་ངག་ཏུ་གྱེར་དུས་རྨད་བྱུང་གི་གཤིས་སྤྱོད་དེ་མངོན་ཡོང་ནའང༌། ལབ་གླེང་བྱེད་སྐབས་སྔར་བཞིན་“རྡོ་ཆག་བཙན་སྒྲིག་”གི་ཕལ་སྐད་ལབ་ཀྱིན་ཡོད། དེས་ན། ཀྲུང་གོའི་མི་གྲངས་ས་ཡ་བཞིས་(མི་གྲངས་འདི་ལུའུ་ཞུན་འཚོ་སྡོད་གནང་དུས་ཡིན)གླེང་བའི་སྐད་ཆར་(ཕལ་སྐད་ལ་གོ)“བཀོལ་བའི་རིན་ཐང་མེད”ཟེར་ན། དེ་ནི་དངོས་ནས་བྱིས་བློ་རང་རེད།
མིའི་རིགས་བཅོས་རྗེས་ད་ནི་ལྷ་ཡི་གྲུབ་པ་ཐོབ་འདོད་ཅིང་ས་ན་ཡོད་དུས་གནམ་དུ་འཕུར་སོང་ན་སྙམ། དེང་རབས་ཀྱི་མི་ཡིན་ལ་དེང་རབས་ཀྱི་མཁའ་དབུགས་རྔུབ་པ་ཤེས་བཞིན་དུ། ད་དུང་མཁས་མིང་འཛིན་པ་དང་ལུང་ཚིག་རེངས་པོ་བཙན་གྱིས་བཀུར་ཏེ་ད་ལྟའི་དུས་འདི་ཁྱད་དུ་གསོད། འདི་ཀུན་ནི་“དེང་རབས་ཀྱི་གཤེད་མ་”ཡིན་པ་རེད།
“དེང་རབས་”དམར་གསོད་བྱས་ན། “མ་འོངས་བ་”སྟེ་མ་འོངས་བའི་བུ་རབས་ཚ་རྒྱུད་ཀྱང་དམར་གསོད་གཏོང་བདེའོ།།
མཆན། རྒྱ་ཡིག་གི་《镜花缘》ཟེར་ལ་རྩོམ་པ་པོ་ནི་ཆིང་རྒྱལ་རབས་ཀྱི་ལི་རོ་ཀྲན་བྱ་བ་ཡིན། རྒྱ་ནག་གི་ལྷ་སྒྲུང་དང་འཆར་སྣང་གཙོར་བཟུང་བའི་སྲོལ་རྒྱུན་གྱི་བརྩམས་སྒྲུང་རིང་མོ་གྲགས་ཅན་ཞིག་ཏེ་ཁོས་ལོ་བཅུ་ཡི་དཀའ་བ་སྤྱད་དེ་བྲིས་སྐད།
ཚེ་སྲོག་གི་ལམ་བུའི་སྐོར། མིའི་རིགས་ཀྱི་འཇིག་པ་ནི་ཆེས་ཁུ་སུམ་པོ་ཞིག་དང་ཆེས་ཡིད་སྐྱོ་བའི་དོན་དག་ཅིག་ཡིན་པར་སེམས་ཀྱང༌། མི་དམངས་རེ་འགའ་ཡི་འཇིག་པ་ནི་ཆེས་ཁུ་སུམ་པོ་དང་ཆེས་ཡིད་སྐྱོ་དགོས་པའི་དོན་དག་ཅིག་མ་རེད།
ཚེ་སྲོག་གི་ལམ་བུ་ནམ་ཡང་འཕེལ་རྒྱས་སུ་མཆིས་ཏེ། རྫོགས་མེད་ཀྱི་སྙིང་སྟོབས་ཟུར་གསུམ་མའི་གསེག་ངོས་དང་གླན་ནས་ཡར་ལ་བགྲོད་བཞིན་ཡོད་པས། སུས་ཀྱང་བཀག་འགོག་བྱ་མི་ཆོག
རང་བྱུང་ཁམས་དང་མི་རྣམས་བར་འཆམ་མཐུན་མི་ཡོང་བའི་གནས་ཚུལ་ད་དུང་མང་ལ། མི་རང་ཉིད་འཁུམས་ཤིང་ཉམ་རྒུད་ཕྱིར་བཤོལ་བྱེད་པ་ཡང་མང༌། འོན་ཀྱང༌། ཚེ་སྲོག་གིས་དེ་དག་གི་རྐྱེན་གྱིས་ཕྱིར་མིག་འཕེན་པ་མ་རེད། མུན་ནག་གིས་བསམ་བློའི་རླབས་རྒྱུན་བཀག་སྲུང་བྱེད་རུང༌། སྡུག་རྩུབ་ཀྱིས་སྤྱི་ཚོགས་སུ་འཇབ་རྒོལ་བྱེད་རུང༌། ཉེས་ཅན་གྱིས་མི་ཆོས་ལ་རྡོག་བརྫིས་བྱེད་རུང༌། མིའི་རིགས་ཀྱིས་ནམ་ཞར་སྐོམ་པ་ཆུ་འདོད་ལྟར་སྟོབས་ཤུགས་ཡོད་རྒུས་ལྕགས་ཀྱི་གཟེ་མ་ར་མགོ་ཅག་ཅག་བྱེད་བཞིན་མདུན་དུ་སྐྱོད་ངེས།
ཚེ་སྲོག་འཆི་བར་མི་སྐྲག་ཏེ། འཆི་བའི་མདུན་ནས་དགོད་ཞོར་དང་ལྡིང་བཞིན། འཇིག་ཟིན་པའི་མི་ཚོགས་ལས་བརྒལ་ཏེ་མདུན་དུ་བསྐྱོད་སྲིད།
ལམ་ནི་ག་རེ་རེད། དེ་ནི་ལམ་མེད་པའི་གནས་སུ་ཅག་ཅག་བྱས་ཏེ་གྲུབ་པ་རེད། ཚེར་མའི་གནས་གཤེགས་ཏེ་གྲུབ་པ་རེད།
སྔོན་ཆད་ལམ་ཡོད་པ་ཡིན་ན། རྗེས་ཕྱོགས་ཀྱང་ནམ་ཡང་ལམ་ཡོད་ཆོག་པ་རེད།
མིའི་རིགས་ཁུ་སིམ་པོ་མིན་ཏེ། རྒྱུ་མཚན་ནི་ཚེ་སྲོག་ནམ་ཡང་འཕེལ་རྒྱས་དང་སྤྲོ་བས་ཁེངས་པ་ཞིག་ཡིན།
ཁ་སང༌། ངས་རང་ཉིད་ཀྱི་གྲོགས་པོ་ལུའུ་ཞུན་ལ་བཤད་རྒྱུར། “མི་ཞིག་ཤི་ན། མི་ཤི་བོ་དེ་ཉིད་དང་ཁོའི་གཉེན་ཉེ་དུ་ལ་མཚོན་ན་སྡུག་བསྔལ་གྱི་དོན་དག་ཅིག་ཡིན་ཡང༌། སྡེ་བ་གཅིག་དང་གྲོང་བརྡལ་གཅིག་གི་མིས་བལྟས་ན་དེ་ཅི་ཡང་མིན་འདུག་ལ། ཞིང་ཆེན་གཅིག་དང་རྒྱལ་ཁབ་གཅིག མི་རིགས་གཅིག་གི་…….. ”
ལུའུ་ཞུན་ཧ་ཅང་མ་དགའ་བའི་ཚུལ་གྱིས། “དེ་རང་བྱུང་གི་སྐད་ཆ་རེད། མི་དམངས་ཀྱི་སྐད་ཆ་མ་རེད། ཁྱོད་ཀྱིས་སེམས་ཆུང་བྱས་ན་འོས།”ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com