འཁྲུལ་ཚུལ་ཞིག ༼སྙན་ཚོམ༽

རྩོམ་པ་པོ།:ས་དམར་གྲགས་པ། ཡོང་ཁུངས།:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། དུས་ཚོད།:2011-06-10 16:13:00 ཀློག་གྲངས།:

 

རོལ་དབྱངས་ཀྱི་འཁྲུལ་བ་འདིས་ང་གང་དུ་ཁྲིད་འགྲོ་བར་སྐྲག་ནས

ང  ང་རང་གིས་ཁྲིད་དེ་གང་དུ་འགྲོ་དགོས་པར་བསམ་དུས

ངས་སེམས་གཞས་ཐན་ཐུན་རེ་ཕ་ཡུལ་ནས་མི་གྱུར་གང་ལ་ཁྱེར

ང་ལ་དགོས་པ་དེ་ཕ་ཡུལ་ཡིན་པས   ཕ་ཡུལ་ལ་དགོས་པ་དེ་ང་མིན་ནའང་ཆོག

 

ཨ་མས  ང་ལ་ནམ་མཁའ་ན་ཅི་ཞིག་འདུག་ཟེར

སྙན་ངག་གིས  ང་ལ་སེམས་ནང་ན་ཅི་ཞིག་ཡོད་ཟེར

དེ་དུས  ངས་རང་གི་ལག་པ་གཉིས་ཀྱི་འཁྲུལ་བ་དྲན་བྱུང

ད་དུང  ཨ་མའི་གདོང་གི་རྔུལ་ཆུ་དང་སྐྲ་ལོ་དཀར་པོ་དག་དྲན་བྱུང

 

གཟུགས་པོ་ཆང་གིས་བཟི་ཡང 

བརྩེ་བའི་རུས་པ་བཟི་མེད

བརྗོད་མི་ཐུབ་པ་ཞིག་ཡོད་པའི་དབང་དུ་བྱས་ན

དེ་ནི་ངས་བཤད་འདོད་པའི་སང་ཉིན་གྱི་འགྱུར་བའམ་ཡང་ན་ཅི་ཞིག་ཡིན་ནམ

མཚམས་མཚམས་སུ་འདི་ལྟར་བསམ་དུས  ངས་རང་ཉིད་ཀྱང་བོར་འགྲོ

 

                              ༢༠༡༡ལོའི་ཟླ༥ཚེས༢༩ཉིན་ལྷ་ས་རུ་བྲིས།

 

 

དད་པ།

 

ནམ་ཞིག་གཤོག་པ་ཐོགས་པའི་མི་ཞིག་འཕུར་གྱི་ཡོད་ན

དེ་ལ  ངས་ལྷ་ཞེས་འབོད་དགོས་སམ

དུས་ཤིག་ས་ན་རྐང་པ་མེད་པའི་མི་ཞིག་རྒྱུགས་ཀྱི་ཡོད་ན

དེ་ལ  ངས་ཀླུ་ཞེས་འབོད་དགོས་སམ   

 

ངའི་མ་ཡུམ་གྱི་སེམས་ནང་ན་མེ་ཏོག་ལྟར་མཛེས་ཤིང

འོད་ལམ་ལམ་བྱེད་བཞིན་པའི་རྟགས་མཚན་གསལ་བོ་སྟེ

ངའི་ཡབ་མེས་དག་གི་མདའ་གྲིའི་སྲོག་ཏུ་ཞུགས་པའི་དད་པ

ད་ནི་དད་པའི་དད་པ་འདིས་ང་ལ་ཅི་ཞིག་སྦྱིན་ནམ

    

                  ༢༠༡༡ལོའི་ཟླ༦ཚེས༡ཉིན་དབུས་སུ་བྲིས།

 

ན་བུན།

 

རི་བོ་དག་ཕ་ཡུལ་གྱི་མདུན་རྒྱབ་གཉིས་སུ་གནས་པས

ངས་རི་བོ་གང་ཞིག་གི་ཕ་རོལ་ནི་ཕ་རོལ་ཡིན་པ་མ་ཤེས

དེ་དུས   ང་ལ་ལྷག་ཡོད་པ་ནི་ཅི་ཞིག་ཡིན་ནམ

དེ་དུས   ང་ལ་ཐོབ་འདོད་པ་ནི་ཅི་ཞིག་རེད་དམ

 

མཆི་མ་འཁྱག་པ་ཞིག་གིས་ལོ་རྒྱུས་ག་ཚོད་དུ་འབྲི་ཐུབ་བམ

བརྡ་རྟགས་ཤི་བོ་ཞིག་གིས་དུས་ཡུན་ག་ཚོད་དུ་བརྡ་བསྟན་ཐུབ་བམ

 

                    ༢༠༡༡ལོའི་ཟླ༦ཚེས༣ཉིན་ལྷ་ས་རུ་བྲིས།

 

དོ་ནུབ་གྲོང་ཁྱེར་འདི་བཟི་འདུག

 

དོ་ནུབ་དཔོན་པོ་དག་བཟི་འདུག

དོ་ནུབ་དབུལ་བོ་དག་བཟི་འདུག

ད་དུང་མི་སེར་དག་ཀྱང་བཟི་འདུག

 

དོ་ནུབ་བཟི་མི་འདུག་པ་དག་ནི

རི་སྤྱང་དང་འུག་པ   ད་དུང་མུན་ནག་རེད

སོམས་དང  བཟི་བོ་འདི་དག་གང་དུ་འགྲོའམ

བཟི་མེད་པའི་ནང་གི་སྒོ་ཟྭ་དེ་སུ་ཡིས་འབྱེད་དམ

                     ༢༠༡༡ལོའི་ཟླ༦པའི་ཚེས༣ཉིན་དབུས་སུ་བྲིས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།