མེ་ཏོག་ཁྱེད་ལ་ཕོག་པ་བསྐལ་བ་བཟང་།
མེ་ཏོག་ཁྱེད་ལ་ཕོག་པ་བསྐལ་བ་བཟང་།
______འཇམ་མགོན་བླ་མ་མི་ཕམ་རྒྱ་མཚོའི་ཆེ་བ་ཟུར་ཙམ་བརྗོད་པ།
ཉམ་ཐག་འགྲོ་བའི་འོ་བརྒྱལ་གཟིགས་ལ་སྙིང་རྗེའི་གཏེར་གྱི་བརྩེ་རླབས་གཡོ། །
ལོག་རྟོག་བྲག་རིའི་བ་གམ་བསྙིལ་ལ་གསང་བའི་བདག་པོའི་མཐུ་སྟོབས་འབར། །
ཤེས་བྱའི་དེ་ཉིད་གསལ་བར་བྱེད་ལ་སྨྲ་བའི་སེང་གེའི་མཁྱེན་རབ་རྒྱས། །
རིགས་གསུམ་ངོ་བོ་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེར་བསྔགས། །
མཁས་དང་གྲུབ་པའི་རྩལ་དྲུག་ལྡན་ཞིང་ལུང་དང་རིག་པའི་གཡུ་རལ་གཡོ། །
རྒོལ་ངན་སྟོང་གི་སྨྲ་ལྕེ་གཅོད་ལ་ཐལ་ངག་རྡོ་རྗེའི་མཆེ་སྡེར་རྣོ། །
གསང་ཆེན་བསྟན་པ་གངས་ཀྱི་ལྷུན་པོའི་གཟི་བརྗིད་འདེགས་པའི་འཕྲུལ་ཤུགས་ཅན། །
འཇམ་མགོན་སྤྲུལ་བ་མི་ཡི་གར་འཁྲུངས་གདོང་ལྔའི་དབང་པོའི་ཆེ་བ་རྨད། །
ཚུལ་མཐོང་སྣང་ངོར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་རྫུར་ཞུགས་ཀྱང་། །
གཞོན་ནུའི་དུས་ནས་མི་འཇིགས་སྤོབས་པའི་གཏེར་ཆེན་བརྒྱད་ལ་རང་དབང་འབྱོར། །
གཞུང་ལུགས་རབ་འབྱམས་དཀའ་བའི་གནད་ཀུན་མཁྱེན་རྟོགས་ཐུགས་ཀྱི་མཁའ་ལ་བཀྲ། །
མི་ཕམ་རྒྱ་མཚོའི་མཚན་སྙན་གཅིག་པུས་གངས་ཀྱི་ར་བའི་ཁོར་ཡུག་བཅིངས། །
སྔ་འགྱུར་སྡེ་གསུམ་དམ་ཅན་སྤྱི་དང་མེས་པོ་གླིང་རྗེ་གེ་སར་གྱི། །
ཡེ་ཤེས་སྒྱུ་འཕྲུལ་གང་གི་གསང་གསུམ་ཡོན་ཏན་དཔལ་ལ་ཉེར་འཁྲིལ་བས། །
ཞི་རྒྱས་དབང་དྲག་ལས་བཞིའི་རྩལ་ལ་འབད་པ་མེད་པར་མངའ་འབྱོར་ཏེ། །
རིག་སྔགས་གྲུབ་པ་སྟོང་གི་གྲལ་ནས་འཇམ་དཔལ་དྲག་པོའི་ཕྱག་རྒྱ་གཡོ། །
དཔལ་གྱི་གནས་མཆོག་ལྷོ་བྲག་མཁར་ཆུར་རང་བྱུང་དོན་གྱི་གནས་ལུགས་གཟིགས། །
སྣང་གྲགས་རིག་གསུམ་ལྷ་སྔགས་དག་རྫོགས་དགོངས་དབྱིངས་མཛེས་པའི་རྒྱན་དུ་ཤར། །
བཀའ་གཏེར་ཟུང་གི་བྱིན་རླབས་དྲོད་རླངས་ཐོལ་གྱིས་འཕྱུར་བའི་གསུང་ཟབ་རྒྱུན། །
ཕྱི་རབས་གངས་ལྗོངས་བསྟན་འགྲོའི་གསོས་སུ་གླེགས་བམ་འོ་མའི་རྒྱ་མཚོར་བསྐྱིལ། །
ལུང་རིག་མེ་ལྕེའི་ཚ་རླབས་འཕྲོ་བའི་རྣོ་ལྡན་རལ་གྲིའི་དབལ་ཁ་ནས། །
དུས་ཀྱི་མཁས་རློམ་དྲེགས་ལྡན་སྟོང་གི་ཕྱོགས་འཛིན་བློ་ཁམས་དབུགས་ཀྱི་རྐྱལ། །
ཤུབ་བུར་བཀོད་དེ་བག་ཡོད་རྒྱུད་ལ་གང་གི་གསང་གསུམ་ཡོན་ཏན་དྲི། །
ཉེ་བར་བླངས་ཤིང་བཤེས་ཀྱི་དྭངས་མར་བསྔགས་པའི་སྙན་གྲགས་སྲིད་ན་ལྡིར། །
ཀླུ་ཐོགས་ལྟ་གྲུབ་ནམ་མཁའི་མཐོང་ཆེན་མཁྱེན་རྟོགས་རླབས་ཀྱི་འོད་སྣང་གིས། །
གསལ་བྱེད་གངས་ལྗོངས་མ་ཧཱ་པཎ་ཆེན་རོང་ཀློང་ཉི་ཟླའི་རིང་ལུགས་ཆེ། །
གསང་ཆེན་སྔ་འགྱུར་བསྟན་པའི་རྒྱལ་མཚན་བླ་ནས་བླ་རུ་འདེགས་པའི་སྟོབས། །
ཀུན་ནས་རྫོགས་ཤིང་ཕྱོགས་ལས་རྣམ་རྒྱལ་རུ་དར་སྲིད་པའི་མཐོངས་ན་གཡོ། །
མཁས་མཆོག་མི་ཕམ་གངས་རིའི་ལྗོངས་ནས་ལུང་རིག་སྨྲ་ལ་འགྲན་ཟླ་བྲལ། །
བཙུན་མཆོག་མི་ཕམ་མདོ་ཁམས་སྨད་ནས་ཟ་ཧོར་མཁན་པོའི་སྙན་པ་འཕུར། །
གྲུབ་མཆོག་མི་ཕམ་དཀར་མོའི་གནས་ནས་འཕོ་ཆེན་འཇའ་ལུས་རྡོ་རྗེར་བཞེངས། །
སྐྱབས་མཆོག་མི་ཕམ་རྣམ་ཐར་ཆེ་བ་རྡོ་རྗེའི་ལྗགས་ཀྱི་ཡུལ་དུ་ལྕི། །
འཆོས་སྐྱོབ་ནོར་བུའི་ལྡེ་མིག་ཐོགས་པའི་ཀློང་རྡོལ་བུ་རྒྱུད་ཆད་པ་མེད། །
ཡང་དག་ཚད་མའི་གློག་ལྕེ་ཅན་གྱི་མཁས་པའི་འབྲུག་སྐད་ཡལ་པ་མེད། །
རིགས་འཛིན་ས་ལ་ཁྱུང་བཞིན་ལྡིང་བའི་གྲུབ་པའི་དབང་ཕྱུག་ཉམས་པ་མེད། །
ས་ཆེན་ཁྱོན་འདིར་གང་གིས་བསྐྲུན་པའི་ཆོས་རྒྱུད་གཙང་མའི་དབུ་འཕང་མཐོ། །
གང་གི་ཡེ་ཤེས་སྒྱུ་མའི་རོལ་གར་མགོན་དུ་ཐོབ་པས་སྐལ་བ་སྦོམ། །
གང་གི་གདམ་ཟབ་རྡོ་རྗེའི་ཚིག་དོན་སྙིང་ལ་བབས་པས་གློ་བ་སིམ། །
གང་གི་ཆོས་རྒྱུད་གྲལ་འདབས་ཟིན་པ་སྙིགས་མའི་དུས་འདིར་བསོད་ནམས་ཆེ། །
གང་དུ་སྐྱེ་བའི་ཚེ་རབས་ཕྲེང་བར་མགོན་ཁྱེད་རིགས་ཀྱི་བདག་པོར་སྨོན། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com