ཤ་འདྲེས་པགས་འདྲེས་ཀྱི་བརྩེ་བ།

རྩོམ་པ་པོ།:རྒྱ་ཕྱུག་བསོད་ནམས་ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-13 09:12:00 ཀློག་གྲངས།:

ཤ་འདྲེས་པགས་འདྲེས་ཀྱི་བརྩེ་བ།

        ཀྱེ་མ་བདག་གི་སྐྱིད་ཡ་སྡུག་གྲོགས་རྨ་ཆུའི་འགྲམ་ན་བདེ་ལགས་སམ།།
        མགོ་རིལ་ལྟོ་རྒྱགས་དབང་བཙན་དག་གི་ཕུ་འདེབས་དྲག་པོའི་ཟིལ་ཤུགས་ཀྱིས།།
        མ་ཤི་གསོན་འབྲལ་ག་ལ་ཕོད་སྟེ་ཤི་ཡང་རྣམ་ཤེས་སྐྱ་འཐབ་པའི།།
        ཤ་འདྲེས་པགས་འདྲེས་ཀྱི་བརྩེ་བ་དམྱར་འབྱར་སོ་སོར་བཀྲལ་བའི་མྱ་ངན་ལྕི།།

 

        རྒྱང་ལ་སྤྱུགས་ཀྱང་རྒྱང་ནས་མ་ཐུབ་ཆགས་པ་སེང་གེ་མཐུར་མེད་འདི།།
        དོང་ལ་འཕངས་ཀྱང་དོང་ནས་མ་རྙིད་འདབ་ལོ་གྲོལ་བའི་མེ་ཏོག་བཞིན།།
        འདས་པར་མ་སེམས་འདས་པའི་ལོ་ཟླ་དོ་ནུབ་སྐར་ཚོགས་ལྷན་ཅིག་ཏུ།།
        སྙིང་ནས་མ་ནུབ་སྙིང་དུ་འཕགས་པའི་བྲང་གཞུང་ནམ་མཁའ་བརྒྱན་སོ་ལོ།།

 

        སུས་ཀྱང་མི་ཤེས་གང་གིས་མ་ཚོར་ལས་སྐལ་འཁོར་བའི་རྩིབས་སྟོང་དེར།།
        མི་འབྲལ་ལས་ཀྱི་ཕྱི་ཐག་རིང་མོ་དབུས་ཀྱི་འཁོར་མིག་གཡུ་ལ་བཏབ།།
        མི་འཆོར་སེམས་ཀྱི་རྟ་བོ་མཐུར་མེད་ནང་གི་རྩིབས་མདའ་གསེར་ལ་བཏགས།།
        མི་བརྗེད་ཐིག་གི་སྣག་རིས་གཤར་མ་མཐའ་ཤན་དཀར་བོ་དངུལ་ལ་བྲིས།།

 

        མྱི་ཁའི་རྡུལ་འཚུབ་ཁ་རྟིང་རྒོད་ཀྱང་གཡུ་མིག་ཁྲ་ཆུང་བཙུམ་ནུས་མིན།།
        བཀའ་བཀྱོན་མེ་ལྕེ་ཐབ་ཚང་བཙན་ཡང་གསེར་བཏགས་བྱེ་མར་འགྱུར་ནུས་མིན།།
        གཅམ་གསག་ཐོ་བའི་ངར་ཁ་རྩུབ་ཀྱང་དངུལ་དཀར་ཨ་ལོང་གཞོམ་ནུས་མིན།།
        གང་གིས་མི་ཐུབ་ཅི་ཡིས་མི་འགྱུར་ཤ་འདྲེས་པགས་འདྲེས་ཀྱི་བརྩེ་བ་འདི།།

 

        བཟོས་པའི་ཤོག་དཀར་ཐེར་མ་འདི་དག་སྙིང་གཏམ་ཞུན་མའི་འཁྲབ་ར་སྟེ།།
        བྲིས་པའི་ཡི་གེ་ནག་ཆུང་འདི་དག་གཞུ་རྒྱུད་སེམས་ཀྱི་འཁྲབ་ཚིག་སྟེ།།
        དྲན་པའི་སྙིང་ཆུང་འཕར་ལྡང་འདི་དག་གཟུགས་གཞིའི་གསེབ་ཀྱི་གར་ཉམས་སྟེ།།
        མདོར་ན་སྐྱེ་དགུའི་གཏི་མུག་འཕྲོག་པའི་དུངས་བརྗོད་ཟློས་གར་རིང་མོ་ཞིག།

 

        འཛུམ་པའི་ཞལ་གྱི་པད་མ་གྲོལ་བས་རྐང་སྣེ་རྡོ་ལ་ཐོགས་པ་དྲན།།
        ཞིམ་པའི་འོ་ཡིས་ཟེའུ་འབྲུ་རེག་པས་རྩ་བཞིའི་ལྷུ་རྐང་འཐོར་བ་དྲན།།
        བསིལ་བའི་ལུས་ཀྱི་འབྲས་བུ་ཐོབ་པས་དབང་བོ་དབང་མེད་བརྒྱལ་བ་དྲན།།

 

        སྒྲ་ཡིས་མ་དྲངས་གཟུགས་སུ་མ་གྲུབ་སྣང་སྟོང་འཁོར་བའི་ཁབ་སོ་ནས།།
        སྐྱོ་བས་མ་མནར་སྡུག་གིས་མ་ནོན་དགའ་བདེའི་དཔལ་གྱི་ཡོ་ལང་རྒྱས།།
        གླུ་ཡིས་མ་འཁྱོངས་མགུར་གྱིས་མ་བརྒྱན་དུངས་བརྗོད་སྙན་ངག་སྨྱུག་རྩེར་འཁྱུག།
        མེ་ཡིས་མ་ཚིག་ཆུ་ཡིས་མ་ནུབ་མི་འགྱུར་རྡོ་རྗེ་བྲག་ལ་བརྩིགས།།

 

        དགུན་གསུམ་བུ་ཡུག་རྒྱ་སྟག་མཆོངས་དུས་བརྩེ་དྲོད་མདའ་མོས་དམར་མཆོད་བཏང་།།
        སྟོན་གསུམ་སད་སེར་གནམ་ས་འགེངས་དུས་དུངས་ཞེན་ཕྱགས་མས་སྤུ་རིས་ཕྱེད།།
        དབྱར་གསུམ་ཆར་ཆུའི་དྲན་པས་མནར་དུས་ཕྱིར་དྲན་ཉི་མས་བྲང་ཁོག་གསོ།།
        དཔྱིད་གསུམ་རླུང་བུའི་སྡུག་བསྔལ་ལྕི་དུས་བསིལ་སེར་ཕྱག་གིས་བྱིལ་བྱིལ་བྱེད།།

 

        བརྩེ་ཆེན་ཕ་ཡི་ཕྱག་གི་ཐུ་དྲིན་ཆེན་མ་ཡི་བྲང་གི་ཡན།།
        འདང་ཆེན་སྤུན་གྱི་བརྩེ་བའི་ངར་ཡིན་དབང་ཆེན་དཔོན་གྱི་ཁྲི་ཡི་ལྷག།
        རླབས་ཆེན་སྤྲུལ་གྱི་གདམས་པའི་སྙན་ཡིན་ཕོན་ཆེན་ཏོག་གི་ཚོམས་ཀྱི་མཛེས།།
        ཤ་འདྲེས་པགས་འདྲེས་ཀྱི་བརྩེ་བ་བསམ་ན་ཤ་འདར་རྐང་འཁྱོམ་ཅིས་མི་རྒྱག།

 

        ཇེ་བསྐྱུར་ཇེ་དྲན་འདས་པའི་ལོ་ཟླ་བྲང་ཁོག་སྟོད་ལ་རླུང་བཞིན་འཚང་།།
        ཇེ་བཀབ་ཇེ་གསལ་བྲིས་པའི་ཡི་གེ་ཆུ་བུར་མིག་ལ་འོད་བཞིན་འཁྱུག
        ཇེ་བཞག་ཇེ་སྙན་གྱེར་བའི་གདུང་ཚིག་དར་ལུང་རྣ་ལ་མགུར་བཞིན་འགྱུ།།
        ཇེ་གསང་ཇེ་མངོན་ཤ་ལ་པགས་འདྲེས་བརྩེ་དྲོད་དམར་བོ་མེ་བཞིན་འཚུབ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།