རླུང༌།
རླུང༌།
རླུང་གཡུག་སོང༌། ཕ་ཡུལ་དང་མི་འདྲ་བར། མི་མང་པོ་རླུང་ནང་ལ་འཐིམ་གྱིན་འདུག རླུང་གི་འཇིགས་རྔམ་གྱིས་འདེད་ཀྱི་འདུག རླུང་མཐོ་དམན་མེད་པར་གཡུག་གི་འདུག ཡུལ་གྱར་བའི་གནས་མལ་ཀུན་ཏུ། འདས་དོན་གྱི་རྨ་ཁ་རེ་རེ། ཆགས་འཇིག་གི་རྨི་ལམ་རེ་རེ། ཡོད་ཚད། འུར་གྱིས་ལྡང་བའི་རླུང་བུས་བཏུམ་འདུག
རླུང་གཡུག་པས། མི་མང་པོ་སེམས་པ་གཡང་ལ་བཀྱགས་སོང༌། ས་མཐའི་མིག་ཆུ་སླར་ཡང་ཇེ་མང་དུ་གྱུར་སོང༌། རླུང་གི་ཁ་གཏད་དུ་འགྲེང་བའི་མི་བུ་དག་ཀྱང༌། མགོ་བོ་གཡུག་གཡུག་བྱེད་ཀྱིན་འདུག སྐད་ཆ་ལྡབ་ལྡིབ་བཤད་ཀྱི་འདུག འཚོ་བ་ལ་ཐང་ཆད་ཀྱི་འདུག རང་གི་རང་ལ་སྡུག་འཇོག་གི་འདུག
འབྱམས་ཀླས་པའི་རོལ་དབྱངས་ཤིག་བཞུར་མ་ཐུབ་ན། མི་སེམས་མགུ་བའི་དབྱངས་རྟ་ཞིག་འཕུར་མ་ཐུབ་ན། ས་མཐའ་ནས། བསྐྱར་ཟློས་ཀྱི་ཐ་སྙད་འགའ་རྒས་ཁོག་ཆགས་ཀྱང༌། ང་ཚོ་ལ་ཡིད་སྤྲོ་བའི་སྨྲ་བརྗོད་འཇམ་པོ་ཞིག་དང༌། ཉམས་དགའ་བའི་ཚིག་འབྲུ་གསར་བ་རེ། ཅི་ཡང་འཛོམས་མི་འདུག རླུང་བུ་དེའི་རྔམ་ཤུགས་ཁྲོད་ན། རང་དབང་གི་གླུ་སྒྲ་ཞིག་གོ་དཀའ་ལ། རང་དབང་གི་བྱ་ཁྱུ་རྣམས་ཀྱིས་ཀྱང་གཤོག་འགྱུར་ངོམས་མ་ཐུབ།
རླུང་གཡུག་པས། སེམས་ཀྱི་རྨ་ཁ་ཇེ་ཆེ་རེད། ཡིད་ཀྱི་གདུང་བ་ཇེ་མང་རེད། ཡོམ་ཡོམ་འདར་བའི་རླུང་ཤུགས་ཀྱིས། ཁྱོད་ལ་ན་ཟུག་ཅིག་བཞག་མྱོང་བ་དྲན་ནའང༌། ཁྱོད་ལ་མཆུ་མ་ཞིག་བསྐུར་བ་བདེན་ནའང༌། ཡུལ་གྱར་གྱི་ཀློང་ནས། རང་གི་རྨི་ལམ་དང་ཕུགས་འདུན་བརླགས་འདུག རང་གི་མི་རིགས་དང་ཕ་ཡུལ་བརྗེད་འདུག
གོམ་གང་མདུན་སྤོས་ཀྱིས། ཁེར་ཚུགས་ཀྱི་རང་ཉིད་སྐྱོང་ཐུབ་བམ། མེ་ལྕེ་ལྟ་བུའི་སྙན་ངག་ཤིག་འབྲི་ཐུབ་བམ། དྲང་མོར་བཤད་ན། རླུང་གིས་མི་མང་པོ་ས་མཐའ་ནས་ས་མཐའ་ལ་འདེད་ཀྱི་འདུག རླུང་གིས་ས་གཞི་དང་ལྗོན་ཤིང་རྣམས་ཚད་མེད་པར་འཐག་གིན་འདུག རླུང་གིས་ང་ཚོ་ལ་སུན་སྣང་དང་འགྱོད་གདུང་སྟེར་གྱིན་འདུག རླུང་གིས་ང་ཚོ་ལ་ཕྱོགས་ཡོངས་ནས་བཏུམ་ཡོང་གི་འདུག དོན་ངོ་མ། ས་མཐའ་ན། རླུང་གི་ནག་ཉེས་བགྲང་མཁན་དང༌། རླུང་ལ་ཁ་ཕྱོགས་བསྒྱུར་ཐུབ་མཁན་གྱི་སྐྱེས་བུ་ག་ཚོད་ཡོད་དམ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com