ཨ་མའི་ཉིན་མོར་ཕུལ་བ།

རྩོམ་པ་པོ།:kmetok ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2011-05-09 08:56:00 ཀློག་གྲངས།:

ཨ་མའི་ཉིན་མོར་ཕུལ་བ།

                                   དེ་རིང་མིག་ཆུ་ལྟ་བུའི་སྙན་ངག་ཅིག་བཞུར་ནས་ཡོང་གི
                                   དེ་རིང་དྲན་གདུང་ལྟ་བུའི་ཚོར་རླབས་ཤིག་འཕྱུར་ནས་ཡོང་གི 

 

                                   ལོ་ངོ་བཅུ་གྲངས་ཤིག་ས་མཐར་ཟད་པའི་དེ་རིང
                                   རེ་སྒུག་གྲངས་མེད་ཅིག་འཕྲིན་ལ་བཅོལ་བའི་དེ་རིང
                                   ཨ་མའི་མིག་གོང་ན་འོད་འཚེར་བའི་མཆི་མ་ཞིག
                                   ད་དུང་སྐམ་མེད་པར་བཞུར་གྱིན་པ་དྲན་བྱུང
                                   ཨ་མའི་སྐྲ་ལོ་ཁ་བས་གཡོག་པའི་སྣང་བརྙན་ཞིག
                                   བརྙན་ཡོལ་གྱི་ངོས་ནས་ཡང་ཡང་འཆར་གྱིན་པ་དྲན་བྱུང 

 

                                   ཨ་མས་སྨོན་འདུན་གྱི་ལག་ཟུང་བྲང་ཁར་སྦྱར་ནས
                                   བཀྲ་ཤིས་ཁ་བྲོ་ཡི་སྐྱབས་འཇུག་ཇི་འདྲའི་མང་པོ་ཞིག་ཞུས་ཡོད་བསམ་ཚེ
                                   ཨ་མས་རེ་སྒུག་གི་སེམས་པ་འཕྲིན་ལ་བཅུག་ནས
                                   ཡ་རབས་སྤྱོད་བཟང་གི་བསླབ་བྱ་ཇི་འདྲའི་མང་པོ་ཞིག་བསྐུར་ཡོད་བསམ་ཚེ

 

                                   ང་ཐོགས་རེག་བྲལ་བའི་གཟུགས་མེད་ཅིག་དང་འདྲ་བར
                                   ང་རང་དབང་མེད་པའི་བཙོན་མ་ཞིག་དང་འདྲ་བར
                                   མིག་ཆུ་སྤར་མོ་གང   སེམས་པ་སྙིལ་མོ་གང
                                   ཨ་མ་ཁོ་ནར་དབང་བའི་ངའི་དྲན་སྟངས་ཤིག་ཅི་ལ་མིན་ཨང 

 

                                   ཨ་མ་དྲན་པའི་ལོ་ཟླ་གྲངས་མེད་ཅིག་བཞུར་གྱིན་བཞུར་གྱིན་དུ
                                   བྱམས་བརྩེའི་བཀའ་དྲིན་འཇལ་བའི་ཉིན་མོ་ཞིག་སྒུག་བཞིན་སྒུག་བཞིན་དུ

 

                                   ཡུན་རིང་སེམས་ལ་བརྣག་པའི་ཚོར་བ་ཟབ་མོས
                                   འབོད་པ་ཞིག་རྒྱང་ལ་གྱེར་ནས་བུད་ཐལ
                                   དྲན་པ་ཞིག་ཚུར་ལ་སྐུང་ནས་སླེབས་ཐལ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།