ཡིད་ཆེས་ནི་རླབས་ཆེ་བ།
ཡིད་ཆེས་ནི་རླབས་ཆེ་བ།
ཡིད་ཆེས་ཞེས་པ་ནི་རྨད་དུ་བྱུང་བའི་བསམ་པའི་འདུ་ཤེས་ཤིག་དང་ཁྱད་མཚར་འབྱིན་པའི་ནང་གི་སྟོབས་ཤུགས་ཤིག་རེད་ལ། ཅི་ཙམ་གྱིས་སྔོག་འདོན་དང་བེད་སྤྱོད་བྱས་ན་དེ་ཙམ་གྱིས་ཕུན་ཚོགས་དང་འཛད་དུ་མེད་པའི་ཐོན་ཁུངས་ཆེན་པོ་ཞིག་ཀྱང་རེད།
དེ་ཡང་མི་རྣམས་སྐྱེས་པའི་ཐོག་མར། འཇིག་རྟེན་ཁམས་ཀྱི་བྱ་དངོས་ཡོད་དོ་ཅོག་ལ་མཐོང་ཐོས་གོ་རེག་མེད་ཅིང་ཀླད་པའི་མ་ལག་དེའང་ཡོངས་སུ་འཐུས་སྒོ་ཚང་བ་ཞིག་ཆགས་མེད་པས། བྱིས་པའི་ཡིད་ཤེས་འདི་ཉིད་ཀྱིས། འཁམས་པ་བརྒྱལ་བའི་དུས་ཀྱི་མིའི་ཡིད་ཤེས་ནང་བཞིན་ཕྱིའི་ཆོས་དངོས་ལ་ཚུར་སྣང་དེ་འདྲ་བྱེད་ཐུབ་ཀྱིན་མེད། མིའི་ཀླད་རྒྱའི་ནང་དུ་མ་གཞིར་གབ་སྦས་དང་གསོག་ཉར་བྱས་ཡོད་པའི་ཐོན་ཁུངས་ཏེ་ཀླད་པའི་བག་ནུས་འདི་ཡང། སེར་སྣ་ཅན་གྱི་ནོར་རྫས་ལྟར་བེད་སྤྱོད་མེད་པར་ཁ་མལ་སོ་ན་གནས་པར་བྱས་ཡོད།དེ་བས་དུས་ཐོག་འདིར། ཁོ་ཚོས་ཡིད་ཆེས་དང་ཡག་བཙོག དགེ་སྐྱོན་སོགས་ག་རེ་ཡིན་པར་འང་ངེས་ཤེས་རྙེད་ཀྱིན་མེད།
དེ་ནས་རིམ་གྱིས་ནར་སོན་པའི་གོ་རིམ་ཁྲོད་དུ། འཚོ་བའི་ཉམས་མྱོང་དང་ཀླད་པའི་མ་ལག་ཆ་ཇེ་ཚང་གིས། དེ་སྔོན་གཏེར་དུ་སྦས་པའི་གསེར་གྱི་བག་ནུས་འགའ་རེ་ཡང་ངང་ཤུགས་ཀྱིས་ཕྱི་རུ་ཕྱུངས་ཏེ་གསེར་འོད་ལམ་ལམ་སྤྲོས་ཚེ། ཁོ་ཚོས་ད་གཟོད་འཇིག་རྟེན་ཁམས་ལ་ལྟོས་བཅས་ཀྱིས་ལག་སྙོབས་རེ་བྱས་ཤིང་། བདེན་དགེ་མཛེས་གསུམ་དང་རྫུན་སྡུག་བཙོག་གསུམ་ལའང་ཐོག་མར་གོ་བ་རེ་བླངས།
དེ་ཡང་མི་ཞིག་གིས་འཇིག་རྟེན་ལ་ཇི་ལྟར་བལྟས་ན། འཇིག་རྟེན་འདི་ཡང་དེ་དང་འདྲའོ་ཞེས་པ་ལྟར། གོང་གི་གོ་བ་དེ་འདྲ་ཆགས་ཟིན་པའི་མི་རྣམས་ཀྱིས། འཚོ་བ་རོལ་བའི་གོ་རིམ་ཁྲོད་དུ། གང་ཞིག་རང་ཉིད་ཀྱིས་རང་ཉིད་ལ་བལྟས་ཏེ། རང་ཉིད་ཀྱི་བདེན་དགེ་མཛེས་གསུམ་མཐོང་དུས། རང་སེམས་སུ་ཡིད་ཆེས་ཀྱི་རྒྱལ་མཚན་ཞིག་མཐོན་པོའི་དབྱིངས་སུ་བསྒྲེངས་བར་བྱེད་ལ། དེ་ལས་ལྡོག་ན་རང་ཉིད་རང་དམན་གྱི་གཡང་དུ་ལྷུང་སྟེ། ནམ་ཡང་ངག་གིས་སྐད་ཆ་ལྡབ་ལྡིབ་ཅིག་དང་ཡིད་ཀྱིས་བསམ་བློ་ཐམ་ཐོམ་ཞིག་གཏོང་བ་ལས། ཡིད་ཆེས་དང་རང་བཀུར་གྱི་མགོ་བོ་དར་ལྕོག་བཞིན་གྱེན་དུ་བསྒྲེངས་མི་ནུས་སོ། གཞན་དུ་ཡིད་ཆེས་ཅན་གྱིས་ཁྱད་མཚར་དང་རྨད་བྱུང་ཞིག་ཏུ་སེམས་པའི་འཇིག་རྟེན་འདི་ཡང་། ཉམས་ཐག་དང་སྡུག་ཡུས་ཀྱིས་ཁེངས་པའི་དམྱལ་ཟངས་ཀྱི་འཇིག་རྟེན་ཞིག་ཏུ་མཐོང་སྟེ། སྐྱོ་སྡུག་དང་ཕམ་ཉེས་དཔག་མེད་ཀྱི་ན་བུན་རྒྱུན་ཆད་མེད་པར་སྐྱ་འཐིབ་འཐིབ་དུ་འབྱུང་གིན་ཡོད།
དེ་ཡང་རྒྱབ་རྟེན་གྱི་ལུང་། སྒྲུབ་བྱེད་ཀྱི་རིགས་པ། གསལ་བྱེད་ཀྱི་དཔེ་ཞེས་པ་ལྟར་དོན་གྱི་གནད་གསལ་བོར་བྱེད་པ་ལ་དཔེ་འགོད་པ་ནི་རྨད་དུ་བྱུང་བའི་ཐབས་དམ་པ་ཞིག་ལགས་པས། འདིར་ཡང་དཔེ་འགའ་ཤས་གསལ་བྱེད་དུ་བཀོད་ན། ༼ནུབ་ཕྱོགས་ཡུལ་སྐོར་ཟིན་ཐོ༽ལས་ཀྱང་ང་ཚོས་ཡིད་ཆེས་ཀྱི་རྨད་བྱུང་ཁྱད་ཡོན་དང་བྲག་བརྟོལ་གསོར་འབིག་ལྟ་བུའི་ནང་ནུས་མཐོང་ཐུབ་སྟེ། གཏན་ནས་རིགས་མི་འདྲ་བའི་མི་བཞིའམ། ཡང་ན་ཕན་ཚུན་སྤང་འགལ་ལམ་ཁ་གཏད་དུ་སོང་བའི་བསམ་བློའི་འདུ་ཤེས་འཛིན་སྟངས་མི་འདྲ་བ་བཞི་གཟུགས་བརྙན་དུ་ཕབ་པ་ཁོང་དགེ་སློབ་བཞི་ཀ་ལས། སྤྲེའུ་རྒྱལ་རབ་མཛེས་ཀྱིས་ལྟོགས་ཚེ་ཀླུ་ཡུལ་དུ་ཕྱིན་ནས་ཟས་མཆོག་རེ་ཟ་བ་དང་། སྐྱོ་དུས་རི་བོ་འབྲས་ལྡན་དུ་ཕེབས་ནས་ཁམས་གསེང་རེ་བྱེད་པའི་བསམ་སྤྱོད་ཀྱིས། ཁོ་ལ་མོས་འདུན་གསལ་བོ་ཞིག་དང་བློ་སྤོབས་བརྟན་པོ་ཞིག་མེད་པ་མཚོན་ཞིང་། འདིས་ཁོ་ལ་འཕགས་མཆོག་གི་མཚན་སྙན་དང་སྲིད་གསུམ་དཀྲུགས་པའི་མཐུ་ནུས་ཅི་ཙམ་ཡོད་ཀྱང་དོན་འཁྱོངས་མི་སྲིད་དེ། ངང་ཐུང་འབད་པས་མཐར་མི་ཕྱིན་པས་སོ། ཀུན་གཙང་ནི་ཚུལ་ཁྲིམས་སྡོམ་པ་ལ་མཁས་པ་དང་དམ་ཚིག་འཛིན་པ། གཞུང་དྲང་དང་བབ་ཆགས་ཆེ་བ་ཞིག་ཡིན་ལགས་ཀྱང་། ཁྱད་འཕགས་ཀྱི་འཇོན་ནུས་དང་ཚད་མཐོའི་ཤེས་རབ་ཅི་ཡང་མེད་པའི་སྤྱིར་བཏང་གི་མི་ཕལ་བ་དང་དབྱེར་མ་མཆིས་པས་རླབས་ཆེན་གྱི་བྱ་བ་བྱེད་དུ་མེད། ཚུལ་ཁྲིམས་སྲུང་ནི་སྐྱིད་འདོད་ལེ་ལོ་ཆེ་བ་དང་རྣམ་གཡེང་གཏི་མུག་གིས་བྱིན་གྱིས་བརླམས་པས། ཆེན་པོའི་བདེ་བ་འཐོབ་མི་སྲིད་པའི་བདེ་བ་ཆུང་ལ་ཆགས་པ་ཅན་ནོ།དེས་ན་ཡིད་ཆེས་དང་སྤོབས་པའི་རང་གཟུགས་སུ་གྲུབ་ཅིང་བློ་གྲོས་དང་བརྩོན་བཅས་ཀྱི་པད་མའི་འདབ་སྟོང་ལྷུག་པོར་གྲོལ་བའི་སྡེ་སྣོད་འཛིན་ཁོ་ནས་ད་གཟོད། ཀྱག་ཀྱོག་དང་དཀའ་སྡུག་ཆེ་བའི་མདུན་ཕྱོགས་ཀྱི་ཚེར་མའི་ལམ་ཕྲན། གོམ་པ་གང་རེ་གང་རེས་གཞལ་ཏེ་མཐའ་མར་ཡོངས་འགྲུབ་ཀྱིས་དོན་འཁྱོངས་བར་བྱེད་པས། འཕགས་པ་སྤྱན་རས་གཟིགས་ཏེ་རྩོམ་པ་པོས་ཐེག་ཆེན་གྱི་ཆོས་ལེན་པའི་འགན་འཁྲིའམ་བགོ་སྐལ་དེ་ཆེད་དུ་བདེ་སྣོད་འཛིན་ནམ་ཡེ་ཤེས་ལ་བཞག་པ་རེད། རྒྱུ་མཚན་ནི་མི་ལ་ཡིད་ཆེས་ལྔན་གྱུར་ན་འཇིག་རྟེན་འདི་ན་དཀའ་བ་མེད་པས་སོ།།
དེ་བཞིན་དུ་རང་ཅག་བོད་ལ་མཚོན་ནའང་། དོན་དམ་གྱི་གྲགས་པ་དཀར་པོས་སྲིད་གསུམ་འགེངས་པའི་འཛམ་གླིང་མི་དབང་ཆེན་མོ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དམར་པོ་རི་ལ་རྡོ་ཡི་ལྷ་མཁར་སྨུག་པོ་པོ་ཏ་ལ་རང་ཁྱིམ་དུ་བཞེངས་པ་དང་། ལུང་གྲོག་དོག་མོར་གནས་འཆའ་བའི་ཚོ་བ་ཆུང་ཆུང་ཞིག་གིས། ཕྱོགས་བཞིའི་དགྲ་བཞི་དང་ཕ་རོལ་གྱི་རྒོལ་བ་སྟོབས་ཅན་ཟིལ་གྱིས་བཏུལ་ཏེ་བོད་ཁམས་ཡོངས་ལ་སྔར་མེད་ཀྱི་གཅིག་གྱུར་ཆེན་པོ་མཛད་པ་མཐའ་དག་ཀྱང་། སྲོང་བཙན་ཁོང་རང་གི་རང་རྟོན་དང་ཡིད་ཆེས་ལས་བྱུང་བ་སྨོས་མེད་རེད།
གཞན་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་ཞིག་བཟོ་དགོས་བསམ་སྟེ་ཐབས་རྩལ་ལ་དྲག་ཏུ་མཁས་ཤིང་། བློ་རིག་གཟོང་ལས་ཚ་བའི་མགར་སྟོང་བཙན་ཡུལ་བཟུང་མངགས་ཀྱང་། ལམ་སྐབས་ནས་མགར་རང་ཉིད་འཆི་བར་དོགས་ཏེ་ཕྱིར་འོངས་པ་ནི་རང་ཉིད་ལ་ཡིད་ཆེས་དང་རང་རྟོན་མེད་པས་དོན་གྱི་མཐའ་མ་འཁྱོངས་པའི་དཔེ་གཞི་གསོན་པོ་ཞིག་རེད་ལ། སྐུ་ཚེ་གང་བོར་ཡི་གེ་ཏིལ་འབྲུ་ཙམ་ཡང་མི་མཁྱེན་པ་ལྟར་རོ།།
འོན་ཀྱང་ལོ་ན་གཞོན་པའི་ཐོན་མི་ཨ་ནུས་འཁོར་ལྔ་བརྒྱས་ཅི་བྱེད། བཅུ་དྲུག་གིས་འཐུས་ཞེས་དང་མ་ཤི་བར་དུ་ཅི་ལ་མི་ཐུབ་སོགས་ལས་སློབ་དཔོན་ཁོང་ནི་མགར་ལས་ཏག་ཏག་འགལ་བ་ལྟག་སྤྲོད་དུ་གྱུར་བའམ་ལྡོག་ཕྱོགས་སུ་སོང་ཞིང་བྱ་བའི་གནས་ཐམས་ཅད་ལ་ཡིད་ཆེས་དང་སྤྲོ་ཤུགས་ཀྱིས་བརྟས་པའི་རང་ཉིད་ཀྱིས་རང་ཉིད་མཐོང་བའམ་རང་ཉིད་ཀྱིས་འཐུལ་བ་ཅན་གྱི་དམ་པ་ཤ་སྟག་པ་ཞིག་ཡིན་པས། བོད་ཡུལ་གྱི་མུན་པ་དཀོན་པ་བཀྲའི་དམུས་ལོང་ནད་དེ་ཤེས་རིག་གི་འ་ཞའི་སྨན་པས་ཡོངས་སུ་བཅོས་ཏེ་སངས་པར་བྱས་པ་ལྟ་བུའོ། ཁོང་གིས་རང་མི་རིགས་ཀྱི་ལོ་རྒྱུས་སྟེང་ཁ་ཕྱོགས་འགྱུར་མཚམས་ཀྱི་བྱེད་ནུས་ཐོན་ཡོད་པ་མ་ཟད། ཐ་ན་མིའི་རིགས་ཀྱི་རིག་གནས་འཕེལ་རྒྱས་ལའང་བསྙད་དུ་མེད་པའི་ཕྱག་རྗེས་ཤིག་བཞག་ཡོད་པས། མཛངས་ལ་ཡིག་ཚང་གིས་བསྟོད་པ་ཙམ་གྱིས་མི་འཐུས་པ་ཐག་གིས་ཆོད། གལ་ཏེ་ཐོ་རེངས་སྐར་ཆེན་ལྟ་བུའི་ཁོང་གིས་སྐབས་དེར་ངས་མི་ཐུབ་དང་མི་ནུས་ཞེས་ལན་ལྡོན་ཡོད་པའི་དབང་དུ་བཏང་ན། ཁོང་ཉིད་སྲིན་བུ་མེ་འཁྱེར་ཙམ་ཡང་འཁྱོངས་རྒྱུའི་ངེས་པ་མ་མཆིས་སོ།།
དེ་བས་ཡིད་ཆེས་ཤིག་ལ་སྐྱབས་བཅོལ་བ་དང་ཡིད་ཆེས་ཤིག་གི་ཟེར་སྒྲོས་སུ་འབྲངས་པ་ནི་དཔྱོད་ཤེས་དྲི་མེད་ཅིག་གི་རང་གཟུགས་སམ། དོན་འཁྱོངས་བར་བྱེད་པའི་དངོས་རྒྱུ་དང་ཉེར་ལེན་ཉག་གཅིག་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com