ཉི་འོད་འཚོལ་བ།

རྩོམ་པ་པོ།:སྨུག་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-06 09:48:00 ཀློག་གྲངས།:
       
        ཁོས་ད་ལྟ་སྡོད་པའི་ས་ཆ་འདི་གང་ཡིན་ནམ་སྙམ་བཞིན་ཕྱོགས་བཞི་ལ་བལྟས་ཀྱང༌། ཁོའི་མཐོང་ལམ་དུ་མངོན་པའི་རི་ལུང་དང་ཁང་ཁྱིམ།ནགས་ཚལ་སོགས་ཡོད་ཚད་ཆ་རྒྱུས་ཡོད་ཡོད་ལྟ་བུར་སྣང་ན་ཡང་ཞིབ་ཏུ་བལྟས་ཚེ་མིང་འདོགས་ཐུབ་པའི་གནས་ཅི་ཡང་མི་འདུག ཁོར་ཡུག་གི་ཡུལ་ལྗོངས་ཀྱིས་ཁོའི་ཚོར་སྣང་ཅི་ཡང་སྒུལ་མི་ཐུབ་ན་ཡང་བསིལ་བསིལ་དུ་ལྡང་བའི་རླུང་གི་རྒྱུ་བས་ཁོ་ལ་འཁྱག་སིབ་སིབ་ཀྱི་ཚོར་སྣང་ཞིག་བྱིན་པས་སེམས་སུ་དྲོད་འཇམ་ལྡན་པའི་ཉི་འོད་བློ་བུར་དུ་དྲན་བྱུང༌། མགོ་བོ་བཏེགས་ནས་མཁའ་དབྱིངས་སུ་བལྟ་དུས། མཁའ་དབྱིངས་ཧྲིལ་བོ་སྐར་ཚོགས་ཀྱིས་བཀང་འདུག་པ་མ་ཟད།ཤར་ཕྱོགས་ཀྱི་མཁའ་མཐའ་ནས་ཉི་མ་དང༌། ནུབ་ཕྱོགས་ཀྱི་མཁའ་མཐའ་ན་ཟླ་བ་ཤར་འདུག་པས། ཁོའི་སེམས་སུ་ད་ནི་ཉིན་མོ་ཡིན་ནམ་མཚན་མོ་ཡིན་སྙམ་པའི་དོགས་བློ་ཞིག་འགོག་མེད་དུ་སྐྱེས།ཉིན་མོ་རེད་ཅེས་ན་ཉི་འོད་མཐོང་རྒྱུ་མེད་ལ།མཚན་མོ་རེད་ཅེས་ན་ཉི་མའང་ཤར་ཕྱོགས་ཀྱི་མཁའ་མཐའ་ན་གསལ་ལེར་ཤར་འདུག ཡི་ནའང་ས་གཞི་ཐམས་ཅད་དུ་གསལ་ལ་མི་གསལ་བའི་སྣང་བ་མག་མོག་ཙམ་ལས་ཉི་འོད་ནི་ཅི་ཡང་འཕྲོས་མི་འདུག ཁོ་བར་སྣང་དུ་ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་ཤར་བར་འོད་སྣང་ཅི་ཡང་མེད་པའི་སྣང་ཚུལ་ལ་ཡ་མཚར། ཁོས་འདི་ལྟར་དོགས་བློ་དང་ཐེ་ཚོམ་གྱི་ཁྲོད་ནས་བསམ་གཞིགས་ཡུན་རིང་ལ་བྱས་རྗེས། སེམས་སུ་བྱིས་པའི་དུས་ཀྱི་འཚོ་བ་དེ་དྲན་པའི་གདུང་བ་ཇེ་ཆེར་ཕྱིན། ནམ་རྒྱུན་བསམ་བྱ་དང་དྲན་རྒྱུ་ཅི་ཡང་མེད་པར་ཉི་འོད་ས་གཞི་ལ་འཕྲོས་ཚེ།རང་གི་གྲོགས་པོ་ཚོ་དང་ལྷན་དུ་ཕྱི་རོལ་དུ་ཡོང་ནས་རྩེད་མོར་གཡེང་ཆོག་སྟེ།དགུན་ཁའི་དུས་སུ་ཁ་བ་མཐུག་པོ་ཞིག་བབས་རྗེས་ཀྱི་ཕྱི་ཉིན་ཉིན་བྱེད་ཀྱི་དབང་བོ་ཤར་ཕྱོགས་མཚམས་སྤྲིན་ལས་ཡར་འཕགས་པ་དང་ལྷན་དུ། སྒོའི་ཕྱི་རོལ་དུ་ཡོང་ནས་གངས་རིལ་བྱེད་པ་དང་གངས་རྩེད་བྱེད་པ་སོགས། ཉི་འོད་ཀྱི་བརྩེ་བ་ལྡན་ན་ད་གཟོད་སྤྲོ་སྣང་ལྡན་པའི་བྱིས་དུས་ཀྱི་འཚོ་བ་ལ་ཕྱིར་དྲན་བྱེད་བཞིན།མིག་སྔའི་ཡོད་ཚད་སྣང་བ་མག་མོག་གི་ཁྲོད་དུ་ལྷིང་འཇགས་སེ་ཡོད་པའི་སྣང་ཚུལ་ལ་སུན་སྣང་སྐྱེས།ཁོ་གློ་བུར་དུ་ཡར་ལངས་ནས་ལམ་ལ་ཆས།ཉི་ཟླ་སྐར་གསུམ་སྔར་བཞིན་མཁའ་དབྱིངས་ན་ཤར་འདུག ཡིད་སྐྱོ་བ་ཞིག་ལ་འོད་མདངས་ཅི་ཡང་མི་འདུག ཁོ་དངངས་འཚབ་དང་བཅས་མདུན་ཕྱོགས་སུ་བསྐྱོད་པའི་གོམས་སྟབས་ཤིན་ཏུ་མྱུར།ཐལ་མདོག་གི་སྤྲིན་པ་དེ་ས་གཞི་ལས་ཡུན་གྱིས་མཁའ་རུ་ལྡང་བྱུང༌།མུ་མཐུད་དུ་མདུན་ཕྱོགས་སུ་ཡུན་རིང་ལ་སོང་སོང་མཐར་ཕྱུགས་རྫི་ཞིག་ལ་འཕྲད་བྱུང༌།
             “ཝ་ཡེ།  ཁྱོད་གང་དུ་འགྲོ” ཕྱུགས་རྫི་དེས་ཁོའི་འཚབ་སྣང་གིས་ཁེངས་བའི་གོམ་སྟབས་ལ་ཐེ་ཚོམ་དང་བཅས་དྲིས།
             “ང་ཉི་འོད་འཚོལ་དུ་འགྲོ་བ་ཡིན།  ཁྱོད་ཀྱིས་ཉི་འོད་མཐོང་བྱུང་ངམ”    
             “ཉི་འོད ——”  ཕྱུགས་རྫིས་སླར་ཡང་ནན་ཏན་གྱིས་དྲིས་ཏེ། 
             “ཧ་ཧ་ཧ—— ” ཞེས་གད་མོ་ཆེན་པོ་བཤད་རྗེས།
             “ཉི་འོད་བཙལ་ནས་ཅི་བྱེད” ཟེར།
             “ངས་ཉི་འོད་མ་མཐོང་བར་ལོ་མང་འགོར་སོང༌།  ད་ལྟ་དྲོ་ཞིང་འཇམ་པའི་ཉི་འོད་དེ་ཧ་ཅང་དྲན།  དེ་བས… …”
             “ད་ལྟ་ཉི་འོད་ཀྱིས་ཅི་བྱེད”
             “མིའི་རིགས་ཀྱི་འཚོ་བའི་ཁྲོད་ཉི་འོད་ཧ་ཅང་མཁོ་ཆེ”
             “ཁྱོད་ཅི་འདྲའི་རྗེས་ལུས་ཀྱི་མི་ཞིག་རེད་ཨང༌།ད་ལྟ་ཚན་རིག་འདི་ལྟར་འཕེལ་རྒྱས་ཆེ་བས།  ང་ཚོའི་ས་ཆ་འདིར་མཚོན་ནའང་ཉི་འོད་ཀྱི་ནུས་བའི་ཁྱིམ་སྤྱོད་གློག་དང་ཉི་འོད་ནུས་བའི་ཕྱུགས་ར་སོགས་ཡོད་པས་ཉི་འོད་ལ་མཁོ་བ་ཅི་ཡང་མེད།
             “ཡིན་ཡང༌།ངས་ཉི་འོད་དངོས་དེ་འཚོལ་འདོད།ཁྱོད་ཀྱིས་བདག་ལ་ཉི་འོད་ཀྱི་ཁྱབ་པའི་ས་ཕྱོགས་སྟོན་རོགས”
             “ཤར་ཕྱོགས་ཀྱི་རི་བོ་ཆེན་པོ་དེའི་ཕར་རྒྱབ་ཏུ་ཉི་འོད་འཕྲོས་ཡོད”
             ཁོ་སྤྲོ་སྣང་དང་བཅས་རེ་བ་ཆེན་པོའི་ངང་ཤར་ཕྱོགས་ཀྱི་རྒྱང་ཐག་རིང་བའི་གནམ་ས་འདྲེས་བའི་འཚམས་ན་གྲོང་ངེར་འགྱིང་འདུག་པའི་རི་བོ་དེ་གཟས་ནས་སོང༌།རྣ་ལམ་དུ་བསེར་བུའི་བཞུད་སྒྲ་སིར་སིར་སིར་གྲགས་ཤིང༌། སྣང་བ་མག་མོག་དེ་དྭངས་བའི་མཐའ་མེད་པ་འདྲ།མིག་གིས་མཐོང་ཚད་ཐལ་མདོག་གི་སྤྲིན་དང་ཁ་དོག་གཞི་གཅིག་ཏུ་འདྲེས་བའི་ཐལ་རྡུལ་གྱིས་ཡོངས་སུ་ཁེངས་བའི་གསེབ་ན་གྲོང་སྡེ་དང་མི་ཚང་ཐར་ཐོར་དུ་གནས་ལ་འཕྲུལ་འཁོར་སྣ་ཚོགས་ཀྱི་སྒྲའང་སྒྲ་འཛིན་ཡུལ་དུ་གྲགས་བྱུང༌།
             དུས་ཡུན་རིང་བོར་སོང་རྗེས།   མདུན་ཕྱོགས་ན་བྱིས་པ་འགའ་རྩེད་མོར་གཡེངས་འདུག་པ་མཐོང༌།   ཁོ་དེ་ཚོའི་གམ་དུ་ཕྱིན།
             “ཝ་ཡེ།   བྱིས་པ་ཚོ།  ཁྱོད་ཚོས་ཉི་འོད་ཨེ་མཐོང”
             “ ཉི་འོད——  ”    བྱིས་པ་ཚོས་ཧ་མ་གོ་བ་འདྲ།
             “འོ——  མཐོང་མྱོང༌། མཐོང་མྱོང” བྱིས་པ་གཞན་ཞིག་གིས་ཁ་གྲགས་བྱུང༌།    
             “ངེད་ཚང་ན་ཡོད”
             “ངེད་ཚང་ནའང་ཡོད།   མང་པོ་མང་པོ་ཡོད”
             “ཁྱེད་ཚང་ན་ཡོད་པའི་ཉི་འོད་གང་ཡིན”
             “དེ་ནི་ཉི་འོད་ནུས་བའི་ཁྱིམ་སྤྱོད་གློག”
             “ཉི་འོད་ནུས་བའི་གློག་གི་ཐབ་ཀ”
             “ཉི་འོད་ནུས་བའི་གློག་གི་བརྙན་འཕྲིན”
             “ཉི་འོད་ནུས་བའི་གློག་གི… …”
             “ཉི་འོད་ནུས་བའི་གློག་གི… …”
             “ངས་བཙལ་བཞིན་པ་ནི་དེ་དག་མིན”
             “འོ་ན།     ཅི་ཞིག་ཡིན”
             “ངས་བཙལ་བཞིན་པའི་ཉི་འོད་དེས་ས་རི་ལུང་མེད་པར་ལྗང་མདོག་གི་ལྭ་བ་བསྐོན་ཐུབ།  ཞིང་ས་བོན་ཅན་ལ་ལོ་ཏོག་གི་སྙེ་མ་སྟེར་ཐུབ། མི་ཕྱུག་དབུལ་མེད་པར་བདེ་སྐྱིད་ཀྱི་འཚོ་བ་སྟེར་ཐུབ…  …”
             “དེ་འདྲའི་ཉི་འོད་མཐོང་མ་མྱོང”
             “གོ་ཡང་མ་མྱོང”
             “འོ——   གོ་མྱོང”བྱིས་པ་གཞན་ཞིག་གི་ཡིད་ལ་གློ་བུར་དུ་དྲན་བྱུང་བ་འདྲ།
             “རྒན་པ་ཚོས་བཤད་པ་ལྟར་ན་ཤར་ཕྱོགས་ཀྱི་རི་བོ་ཆེན་པོའི་ཕར་རྒྱབ་ན་ཡོད་ཟེར”ཁོ་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད།
             དབྱར་ཁའི་དུས་སུ་ཆར་བ་བསིལ་མོ་ཞིག་བབས་པའི་རྗེས་སུ། མཁའ་མཐའ་ནས་སྔོ་ཞིང་བསངས་བའི་གནམ་གྱི་བཞིན་རས་དང༌།དཀར་ཞིང་འཇམ་པའི་སྤྲིན་དཀར་ལྡང་བ་དང་ལྷན་དུ་འཇའ་ཚོན་གྱི་གུར་ཁང་དུ་འཛོམས་ནས།ཆུ་རྩེད་བྱེད་པ་དང་མཆོང་རྩལ་ངོམ་པ་སོགས་ཀྱི་རྩེད་འཇོར་ཅི་དགར་རོལ་བ་སོགས་ཉམས་སྣང་སྐྱིད་པའི་བྱིས་པའི་དུས་ཀྱི་འཚོ་བ་སླར་ཡང་ཕྱིར་འདང་ཞིག་བརྒྱབ་རྗེས། ཁོའི་སེམས་སུ་“གལ་སྲིད་ཉི་འོད་ཀྱི་བརྩེ་བ་ལྡན་ཚེ། འཚོ་བ་ནི་ནམ་ཡང་སྐྱིད་པོ་ཞིག་རེད་ཨང”སྙམ་བྱུང༌།
             ཁོས་ཇི་ལྟར་ཤུགས་བསྐྱེད་དེ་མདུན་ཕྱོགས་སུ་གོམ་སྟབས་བསྒྱུར་ན་ཡང༌།ཤར་ཕྱོགས་ཀྱི་གནམ་ས་འདྲེས་འཚམས་སུ་གྲོང་ངེར་འགྱིང་བའི་རི་བོ་དེ་སྔར་གྱི་ཁ་མལ་ན་གཡོ་འགུལ་ཅི་ཡང་མེད་པར་ཧ་ཅང་བརྟན་བརླིང་གིས་འགྱིང་འདུག་པ་ལས་ཁོ་དང་བར་ཐག་ཇེ་ཉེར་འགྲོ་བཞིན་པའི་སྣང་བ་ཅི་ཡང་མ་བྱིན།
             “ཝ་ཡེ།  ཁྱོད་གང་དུ་འགྲོ”  མི་ཞིག་གིས་ཁོ་ལ་དེ་ལྟར་དྲིས།
             “ཉི་འོད་འཚོལ་དུ་འགྲོ་བ་ཡིན།  ཁྱོད་ཀྱིས་ཉི་འོད་མཐོང་བྱུང་ངམ”
             “འོ——    མཐོང་མྱོང༌།    གྲོང་རྡལ་ནས་མང་པོ་མཐོང་མྱོང༌།དཔེར་ན ཉི་འོད་ནུས་བའི་གློག་ཤུགས་ཀུང་ཟི   ཉི་འོད་ནུས་བའི་གློག་འདོན་ས་ཚིགས།ཉི་འོད་ནུས་བའི་གློག་གི་ཁྱབ་སྤེལ་ལྟེ་གནས་སོགས་མང་པོ་ཡོད”མི་དེས་ད་དུང་ཅི་སྙམ་པའི་སྒོ་ནས།“གྲོང་རྡལ་གྱི་ཉི་འོད་ནུས་པ་ནི་མིང་ཙམ་རེད། གྲོང་ཁྱེར་གྱི་ཉི་འོད་ཀུང་ཟི་དེ་དག་ནི་གཞི་རྒྱ་ཆེ་ཞིང་རྣམ་གྲངས་མང་པས་དངོས་གནས་ཧ་ལས་པ་ཞིག་རེད”ཟེར།
             ཁོ་ཅུང་ཡིད་མུག་པའི་སྒོ་ནས་“ངས་འཚོལ་བཞིན་པའི་ཉི་འོད་ནི་དེ་འདྲ་ཞིག་མིན”ཟེར།
             “ འོ་ན།  ཁྱོད་ཀྱིས་བཙལ་བཞིན་པའི་ཉི་འོད་ནི་ཅི་ཞིག་ཡིན”
             “ ངས་བཙལ་བཞིན་པའི་ཉི་འོད་དེས། ས་རི་ལུང་མེད་པར་ལྗང་མདོག་གི་ལྭ་བ་བསྐོན་ཐུབ།ཞིང་ས་བོན་ཅན་ལ་ལོ་ཏོག་གི་སྙེ་མ་སྟེར་ཐུབ། མི་ཕྱུག་དབུལ་མེད་པར་བདེ་སྐྱིད་ཀྱི་འཚོ་བ་སྟེར་ཐུབ ”
             “དེ་འདྲའི་ཉི་འོད་ཅིག་མཐོང་མ་མྱོང༌།ངག་རྒྱུན་དུ་ཤར་ཕྱོགས་རི་བོ་ཆེན་པོའི་ཕར་རྒྱབ་ནི་ཉི་འོད་ཀྱི་གཟི་དཔལ་འབར་བའི་ཞིང་ཁམས་ཡིན་ཟེར།  ཁྱོད་ཀྱང་ཕྱོགས་དེར་སོང་ཞིག”
             “…  …”   
             ཁོ་མུ་མཐུད་དུ་མདུན་ཕྱོགས་སུ་ཆས། རྣ་ལམ་དུ་བསེར་བུའི་སྒྲ་སིར་སིར་སིར་གྲགས་ཤིང༌།   སྣང་བ་མག་མོག་དེ་སྔར་བཞིན་དྭངས་བའི་མཐའ་མེད་ལ།མིག་གི་མཐོང་ཚད་ཐལ་མདོག་གི་སྤྲིན་དང་ཁ་དོག་གཅིག་ཏུ་འདྲེས་པའི་ཐལ་རྡུལ་གྱིས་ཡོངས་སུ་ཁེངས་བའི་གསེབ་ན་གྲོང་སྡེ་དང་མི་ཚང་ཐར་ཐོར་དུ་གནས་པ་དང༌།འཕྲུལ་འཁོར་སྣ་ཚོགས་ཀྱི་སྒྲའང་སྒྲ་འཛིན་ཡུལ་དུ་སྔར་བཞིན་གྲགས།ཤར་ཕྱོགས་ཀྱི་གནམ་ས་འདྲེས་མཚམས་སུ་གྲོང་ངེར་འགྱིང་བའི་རི་བོ་ཆེན་པོ་དེ་སྔར་བཞིན་ཁོའི་མཐོང་ལམ་ན་བརྟན་ཞིང་བརླིང་བའི་ངང་འགྱིང་འདུག
             ཁོའི་གོམ་སྟབས་སྔར་ལས་མགྱོགས་ཤིང་སེམས་ཁམས་སྔར་ལས་འཚབ། “རི་བོའི་ཕར་རྒྱབ་ཏུ་སླེབས་པའི་དུས་ནི་ནམ་ཞིག་ཡིན་ནམ།” ཁོའི་སེམས་ཀྱི་རྟ་རྒོད་དྲག་ཏུ་མཆོང་བཞིན་ཡོད།      “ཉི་འོད་མ་མཐོང་བའི་བར་དུ་གོམ་སྟབས་མི་འཇོག” ཁོས་དེ་ལྟར་ཆིག་ལབ་བརྒྱབ།
            སྐབས་དེར་མི་ཞིག་གིས་ཁོའི་ཕྲག་པ་ནས་ཤུགས་ཡང་མོས་སྒུལ་སྒུལ་བྱེད་པ་འདྲ།  ཁོས་མྱུར་དུ་ཁ་ཕྱིར་འཁོར་ནས་བལྟ་དུས་རང་གི་ཆུང་མ་དེ་མལ་ཁྲིའི་གམ་ན་ལངས་འདུག་པ་མཐོང་བ་དང༌།      ཆུང་མས་སུན་སྣང་དང་བཅས“ཁྱོད་ལ་ཅི་འདྲའི་གཉིད་གཏམ་རྫོགས་རྒྱུ་མེད་པ་ཞིག་འདུག་ཨང”  ཟེར་བས། ཁོས་གཞི་ནས་ད་ཅི་གོང་ནས་བྱུང་བའི་དོན་ཐམས་ཅད་རྨི་ལམ་ཡིན་པ་ཤེས། ཁོག་སྟོད་ཡར་དགྱེས་ནས་དུས་ཚོད་ལ་བལྟ་དུས་ཞོགས་པའི་ཆུ་ཚོད་དགུ་བ་ཡང་གཟུར་འདུག
            སྒོའི་ཕྱི་རོལ་དུ་བསེར་བུ་འཇམ་པོ་ཞིག་ལྡང་བཞིན་ཡོད་ནའང་ཉི་མ་ད་དུང་སྤྲིན་རིམ་ལས་མ་མངོན་པས་ས་གཞི་ཐམས་ཅད་སྐྱ་ཐོམ་ཐོམ་དུ་སྣང་བས། རྨི་ལམ་ནང་གི་སྣང་བ་མག་མོག་གི་ཞིང་ཁམས་དེ་དང་ཤིན་ཏུ་མཚུངས།
            ཁོའི་སེམས་སུ་རྨི་ལམ་ནང་གི“ད་ལྟ་ཚན་རིག་འདི་ལྟར་འཕེལ་རྒྱས་ཆེ་བས། ཉི་འོད་ལ་མཁོ་བ་མེད”ཟེར་བའི་སྐད་ཆ་དེ་དྲན་བྱུང༌།
            ཡུད་ཙམ་ལ་ཕྱིར་འདང་བརྒྱབ་རྗེས་ཆུང་མ་ལ།  “ཚན་རྩལ་དར་རྒྱས་ཆེ་རུ་ཕྱིན་ན། ཉི་འོད་མཁོ་བ་མེད་པ་ཨེ་རེད”ཅེས་དྲིས།                                 
                                                                               2007.11.11ཉིན་ཁྲི་ཀ་ནས་བྲིས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།