ན་བུན།༼སྙན་ངག༽
ནམ་རྒྱུན། ཞོགས་པར་སྒེའུ་ཁུང་ལས་རྒྱང་ལྟ་བྱེད་སྐབས།
ཡོན་པོ་བྲག་སྐར་གྱི་ཁོང་གསེང་ལས།
ན་བུན་སྲབ་མོ་ཞིག རི་རྩེ་དང་རི་ཤོད་དུ་འཁྱིལ་ཞིང་།
ལན་རེར་གཙང་ཆུའི་ཕར་ངོགས་སུ་འགྲོ་བ་མཐོང་།
ན་བུན་དེ་མཐོང་ཐང་རེར།
ངས་ཁྱིམ་མཚེས་བུ་མོ་དེའི་མིག་མདངས་གློ་བུར་དྲན་འོངས་ལ།
རྒྱུ་རྐྱེན་ཅི་ཡང་མེད་པར།
ངའི་ཡིད་སེམས་བློང་བློང་བོར་གྱུར་འགྲོ།
ཁྱིམ་མཚེས་བུ་མོའི་མིག་མདངས་ལ།
བུང་བ་མེ་ཏོག་རྩེ་དགའ་ལྟ་བུའི་ཟབ་ཚད་མེད་ནའང་།
ནམ་རྒྱུན། ཁོང་འཛུམ་འཆོར་སླ་བའི་མིག་མདངས་དེས།
ངའི་མནོ་བསམ་ཡོད་ཚད་ཁ་ཕྱོགས་དབང་མེད་དུ་ཕྲོགས་འགྲོ།
མངར་སྐྱུར་མ་ངེས་པའི་ཚོར་བ་དེ་དབང་གིས།
ངས་ཟིན་ཐབས་མེད་པའི་ན་བུན་དེ་མཐོང་ཐངས་རེར།
གཡོ་སྐྱོན་པའི་རང་གཤིས་ཤིག་ལ་སྒྲོ་བཏགས་ནས།
ར་རོ་བའི་རྨི་ལམ་དེ་གཏན་བྲལ་དུ་གཏོང་བར་འདོད།
ཡིན་ནའང་། ཡོད་ཚད་ནར་སོན་པའི་ཉིན་མོ་ནས་བཟུང་།
ངས། ཁྱིམ་མཚེས་བུ་མོ་དེའི་མིག་ཀོང་ཟབ་ས་རུའང་།
དལ་བུར་འཕྱོ་བཞིན་པའི་ན་བུན་ཞིག་མཐོང་ལ།
ན་བུན་དེའི་ངོགས་ན།
འཕུར་ལ་ཉེ་བའི་བྱེའུ་ཞིག་ཀྱང་བབས་ཡོད་པ་མཐོང་བྱུང་།
ད་ལྟ། མིག་མདངས་དེའི་ན་བུན།
ནགས་རི་དེའི་ཕར་རྒྱབ་གང་ཞིག་ན།
མཛེས་སྡུག་གི་གཡོ་བ་མི་ཤེས་མོད།
ནམ་འཁའ་མོག་པོ་འདིའི་ཁོངས་སུ།
ངའི་ན་བུན་ཁེར་རྐྱང་གིས་འཁྲིགས་ཏེ།
དབྱར་གཞུང་གི་ཁ་དོག་ཡོད་ཚད་ལ།
རབ་རིབ་ཀྱི་ཞེན་ཆགས་གང་ཞིག་བསྒོས་དུས།
སེམས་ཀྱི་སྐྱོ་སྣང་ཞིག་ཐབས་མེད་དུ།
ན་བུན་དེ་དང་འགྲོགས་ནས།
ངའི་སྙན་ངག་གི་བུ་གར།
རེས་གསལ་རེས་ཡིབ་ཀྱིས་འཛུལ་སོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com