གྱེས་བྲལ།༼ལྷུག་རྩོམ༽

རྩོམ་པ་པོ།:བདེ་སྐྱིད་གཡང་འཛོམས། ཡོང་ཁུངས།:གངས་རྒྱན་མེ་ཏོག དུས་ཚོད།:2008-06-19 09:58:24 ཀློག་གྲངས།:

  མཚན་མོ་དེར གློག་འོད་ཁྲ་ལམ་མེར་འཛུམ་པའི་སྲང་མདོ་དེ་འུར་ཟིང་གི་རྣམ་པས་ཁེངས་མོད འོན་ཀྱང  ངེད་གཉིས་ལ་མཚོན་ན་ཅི་འདྲའི་ཁུ་སིམ་པ  སེམས་དང་སེམས་པའི་བར་ཐག་ནི་ཇི་འདྲའི་ཉེ་ཨང  ཐ་ན་ཕན་ཚུན་གྱི་སྙིང་གི་འཕར་སྒྲ་ཡང་གསལ་ལྷང་ངེར་གོ་ཐུབ

  སྙིང་ཉེ་ལགས གྱེས་ཁའི་གོམ་པ་ལྗིད་ཏིག་ཏིག་ཏུ་སྣང་ཞིང ལྗིད་ཏིག་ཏིག་གི་བརྩེ་འདང་ཟབ་མོས་མནན་པའི་ལྗིད་ཏིག་ཏིག་གི་གོམ་པའང  སྐབས་འདིར་འདེགས་འཇོག་བསྒྱུར་དཀའ་བར་མ་ཟད།  འཚེར་སྣང་གི་མགོ་བོའང་དབང་མེད་དུ་དུད་འགྲོ་ཞིང  མིག་ཟུང་ལ་སྐྱོ་གདུང་གི་མཆི་ཞགས་འཁོར་གྱིན  དམ་པོར་སྦྲེལ་བའི་ལག་ཟུང་དལ་གྱིས་གློད་དགོས་བྱུང

  སྙིང་ཉེ་ལགས  གྱེས་ཁའི་གཏམ་གླེང་ལྡབ་ལྡིབ་དག  སྨྲེང་སྐད་གཉོམ་པོ་ཞིག་དང་འགྲོགས་ནས་སྨྲ་སྒོ་ལས་ཐོན་དུས  ཐོས་འཛིན་གྱི་ཡུལ་དུ་ཚིག་དོན་ཕྲ་མོ་ཙམ་ཡང་ཐོས་པའི་སྐལ་བ་དབེན་ཞིང  ཕན་ཚུན་གྱི་མིག་ཟུང་ལས་འཕྲོས་པའི་སྐྱོ་གདུང་གི་འོད་ཞགས་ཀྱིས  བཤད་འདོད་པའི་སྐད་ཆ་ལྡབ་ལྡིབ་དག་བརླན་གྱིས་བཟུང་སྟེ ཁྲ་ཆུང་མིག་ལམ་ལས་དུམ་བུ་དུམ་བུར་ཆད་སོང

  སྙིང་ཉེ་ལགས གྱེས་ཁའི་སེམས་པ་གདུང་བས་མནར་ཞིང  བྲལ་ཁའི་ཚོར་འདུ་དྲག་པོ  སྤྲིན་པ་བཞིན་ལང་ལོང་དུ་གཡོས་ནས་གྱེས་ཁའི་སེམས་པར་མིག་ཆུའི་ཆར་རྒྱུན་ཕབ་པ་ལྟར  མིག་ལམ་ནས་ཤག་ཤག་ངང་བྱོ་བས  ཁོ་མོའི་གདུང་སེམས་ཀྱི་ཞིང་སར་བཟོད་མེད་ཀྱི་ཟུག་རྔུ་སྟེར་གྱིན་འདུག

  སྙིང་ཉེ་ལགས འདི་ནས་བྲལ་རྗེས་དུས་ནམ་ཞིག་ལ་འཕྲད་མིན་སུས་ཀྱང་བཤད་དཀའ་ནའང  ཡིད་ཆེས་ཀྱི་དྲན་རྟེན་རུམ་གང་བཏེགས་ཏེ་གྱེས་འགྲོ་དང  ནམ་ཞིག་ཁ་པར་གྱི་སྐུད་སྣེ་རིང་མོ་ལས་ཕན་ཚུན་ལ་གཉོམ་དུངས་དུངས་ཀྱིས་སྙིང་གཏམ་གླེང་དུས བརྩེ་དུངས་ཀྱི་སེམས་པ་གཉིས་སླར་ཡང་འབྲེལ་སྲིད་ངེས……


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།