༄༅། །ཁ་བ་རྐང་གླིང་གི་སྙན་རྩོམ་ཁག་གསུམ།

རྩོམ་པ་པོ།:ཁ་བ་རྐང་གླིང་།(གཞིས་ཀ་རྩེ) ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-12-17 08:58:53 ཀློག་གྲངས།:
དགུན་ཟླ།
དགུན་གྱི་ནམ་ཟླ་ནག་པོས།།
ང་ཡི་རུས་པའི་སྲིང་ལ།།
གྲང་རླུང་ངར་མ་ལྡང་བས།།
མཐོང་བར་དཀའ་བའི་ཟུག་ཟེར།།
རུས་པའི་སྟེང་ནས་སེམས་ལ།།
བེར་བེར་རྒྱག་པ་སུ་ཡིས།།
སེམས་པས་བཞག་མྱོང་སྐྱོ་བ།།

དགུན་ཁའི་རླུང་དམར་འ་འུར།།
སྤྱི་ལ་ལྡང་བ་མ་རེད།།
ང་ལ་གཏད་དེ་ལྡང་འདྲ།།
ང་ལ་དམིགས་ནས་ལྡིང་འདྲ།།
ང་ཡི་གདོང་དང་སྐྲ་ལོར།།
རྡུལ་འཚུབ་ལྡིང་སེ་ལྡིང་ལ།།
ང་ཡི་སེམས་དང་ལུས་པོར།།
དྲག་པོའི་ན་ཟུག་ཨ་ཚ།།
རྐང་པས་ལག་པར་འཇབ་སྟེ།།
ང་ཡི་ལུས་ལ་འཁྱུད་ཡོང་།།

དགུན་ཟླ་འདྲེ་ནག་འདྲ་བོ།།
ང་ལ་མི་དགོས་རྒྱང་ལ་རྒྱུག །
སྐྱག་ཚང་ནང་གི་དོང་དུ།།
སྐྱག་པ་གཏང་ལྟར་མཆོངས་ཤིག །
སྤྲིན་པ།
དགུན་སྔོན་དབྱིངས་ན་སྤྲིན་པ་སྲབ་མོར་རྒྱུ །
དེ་ངོགས་དྲོ་འཇམ་ཉི་འོད་འཕྲོས་པའི་ཚེ།།
དགའ་བའི་སེམས་ཆུང་ཕྲ་མོ་རང་བཞིན་འགུལ།།
རང་དབང་མེད་པའི་མགུར་ཚིག་འདི་ཀོ་གྱེར།།

གནམ་སྔོ་དྭངས་པ་མཚོ་མོ་འཁྱིལ་འདྲ་འདིར།།
ངང་ཆུང་ལྟ་བུའི་སྤྲིན་དཀར་ལྡིང་བར་བྱེད།།
ལྡིང་ཞིང་འཕྱོ་བའི་ཡིད་འོང་སྤྲིན་པ་ལ།།
སྙན་ཚིག་རྣ་རྒྱན་བསྒྲོན་ཏེ་བསྐུར་བར་བྱ།།

ཡིག་ཆུང་སེམས་བྲིས་ཤོག་བུའི་རི་མོ་འདི།།
ལ་ལུང་མང་པོས་ཆོད་པའི་ལྷ་ས་ན།།
བདེ་བདེ་སྐྱིད་སྐྱིད་འཚོ་བའི་བུ་ཆུང་གི །
རྣ་བའི་བུ་གར་སྙན་པོའི་ངག་གིས་གྱེར།།

ལམ་དུ་གཡང་དང་ཆུ་བོ་ཆེན་པོ་ཡིས།།
འཇིགས་པས་མནར་བར་སྐྲག་པར་མི་བྱེད་ཅིག །
རྗེ་བཙུན་མི་ལའིི་སྒྲུབ་པའི་གནས་ཆེན་གྱིས།།
གནོད་པའི་གེགས་རྣམས་བཟློག་པའི་དཔུང་རོགས་ཡོད།།

ཡར་ཀླུང་གཙང་ཆེན་སྟེང་དུ་གྲུ་ཆུང་ཞིག །
ལེགས་པར་བཏབ་ནས་ངལ་ཞིག་གསོ་བཞིན་བཞུད།།
ལག་གདུབ་འཁོར་ལོའི་བགྲོད་པ་ག་ཙམ་ནས།།
མཁའ་རུ་འཕུར་ཞིང་སྟོད་ལུང་ཡུལ་དུ་གཤེགས།།

དེ་ན་བདག་གི་དཔྲལ་བའི་མིག་དང་མཚུངས།།
ཁོང་བའི་སྙིང་དང་འདྲ་བའི་བུ་ཆུང་ཞིག །
རྩེད་མཚར་ཨ་རྩེད་དགུ་རྩེད་རྩེ་ཞིང་དུ།།
རང་སྣང་སྐྱིད་པའི་བྱིས་པའི་དྭངས་གཙང་ཞིག །

ངོ་མཚར་སྤྲིན་གྱི་བུ་མོ་ཡིད་འཕྲོག་མས།།
དྲན་པའི་ནང་གི་གདུང་བ་ཟབ་མོ་འདི།།
ག་ལ་ཐུགས་ཀྱང་བརྗོད་པར་མི་བྱ་བར།།
མཚར་སྡུག་སྒྲུང་གི་སློབ་གསོ་མྱོང་བར་གྱིས།།

དཀའ་སྡུག་འབྲེས་མའི་འཇིག་རྟེན་འཁོར་བ་ལ།།
ཞུམ་མེད་སེམས་པ་དམར་པོས་གདོང་ཁ་གཏད།།
ནམ་ཡང་འཇིག་མེད་རི་དྭགས་རྒྱལ་པོ་ལྟར།།
ཟང་ཟིང་འཇིག་རྟེན་འདི་རུ་འགྱིང་དགོས་སློབ།།

བུ་ཆུང་རྣམ་རིག་དགོད་པ་འཇིག་རྟེན་རྒྱན།།
དེ་ཡིས་ཇི་ལྟར་སྤྱང་གྲུང་འཇོམས་པའི་ངང་།།
དྲན་གདུང་གླེང་བར་བྱེད་པོ་ཁོ་ཐག་ཡིན།།
གཡོལ་ཞིག་གདུང་བ་སྤྲོད་པར་མི་འདོད་ལགས།།

ཆུང་ཆུང་ཤ་ནས་བཅད་པའི་བུ་ཆུང་ལགས།།
དྲན་གདུང་ཡིག་ཆུང་རི་མོར་མི་ཕབ་སྟེ།།
དེ་ཡིས་ཁྱོད་ལ་གདུང་བའི་མུན་པ་འབྱིན།།
དེ་འདྲ་བདག་གི་ནམ་ཡང་བཟོད་པར་དཀའ།།

བདག་གི་མིག་འབྲས་ལྟ་བུའིི་བུ་ཆུང་ལགས།།
ནམ་ཡང་བདེ་སྐྱིད་ཉི་མ་འཆར་བ་ལས།།
དྲག་ཆར་མུན་པ་ཞེས་པ་མི་མཐོང་བའི།།
སྨོན་ལམ་བཟང་པོ་ཨ་ཕས་རྟག་ཏུ་འདེབས།།
ཞོགས་པ།
གྲང་ངར་རླུང་གི་བརྡུང་བའི་ཞོགས་པ།།
ཉི་འོད་དྲོན་མོ་ཤར་རེའི་རྩེ་ནས།།
མཐའ་མེད་ནམ་མཁའི་དབྱིངས་སུ་འཕུར་ཏེ།།
འཇིག་རྟེན་བུ་མོར་འདོད་བདེ་སྦྱིན་སོང་།།

ཡིད་འཕྲོག་མིག་ཟུང་ན་བྱེད་བུ་མོའི།།
བུ་ཕྲུག་ལྟ་བུའི་སེམས་ལྡན་ཚོགས།།
ཞོགས་པའི་དྲོ་ལྡན་གསེར་མདོག་ཉི་མ།།
ཐང་ལ་བབས་ཏེ་བདེ་བར་བཀོད་དོ།།

མཚར་སྡུག་ན་ཆུང་འཇིག་རྟེན་བུ་མོའི།།
མགོ་སྐྲའི་མེ་ཏོག་སྣ་བརྒྱ་དགོད་པའི།།
གཡེར་བག་འདབ་མ་ཟིང་བའི་ནགས་ཚལ།།
སྲིང་བལ་དཀར་པོའི་ནང་ན་གཉིད་འདུག །

དུས་ཚོད་ཟང་ཟིང་ལང་ལིང་རྒྱུག་པ།།
ནམ་ཟླ་དགུན་གྱི་དུས་ལ་སླེབས་ཚེ།།
དབུགས་ངལ་ཙམ་ཞིག་ལྷོད་པར་བྱས་ཏེ།།
དབུགས་རྔུབས་འབྱིན་པའི་གོ་སྐབས་ལྔུང་ངོ་།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།